R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༥
[A:༤༢༥]དང་འཇམ་དབྱངས་དམར་སེར་རྗེས་གནང༌། དཔལ་ལྡན་རྩེའི་བདག་ཆེན་རྡོ་རྗེ་འཆང་གི་ཐུགས་དམ་མ་ཞལ་བཞི་རྡོ་སྐུའི་དྲུང་བན་ཚང་བའི་འཁོར་ཚོགས་དང་བཅས་ནས་གསུང་བསྐང་ཕྲིན་འཆོལ། དེ་སྐབས་སོ་སོས། ལེགས་འབུལ་ཞབས་བརྟན་གྱ་ནོམ་པ་རྣམས་དགྱེས་བཞེས་ཀྱིས་བོད་ལོ་གསར་བའི་དགའ་སྟོན་ཀྱང་གནས་དེར་མཛད་དོ། །རྒྱ་ཞོལ། ལ་མོ་ཚང་བ། འབུམ་སྟོད་དུ་གསུང་བསྐང་དང་བདེ་ཆེན་ཆོས་སྡེ། ཤིང་ཚང༌། དགོད་ཁའམ་རྒོད་ཁལ་ལ་བརྒྱུད་བསམ་ཡས་སུ་ཤར་སྒོ་ཟུང་ཁང་དུ་བཞུགས་ཏེ། བསམ་ཡས་མཆིམས་ཕུ་དང་བཅས་པའི་གནས་རྟེན་རྣམས་ལ་མཆོད་འབུལ་སྙན་ཤལ་ཐུགས་སྨོན། རབ་ཏུ་གནས་པའི་མེ་ཏོག་འཐོར་གནང་བཅས་དང༌། ཆོས་སྐྱོང་ཆེན་པོར་དབུ་འཆིང་ཁྲབ་གདན་མདུང་རལ་གྲི་ཞགས་པ་རྣམས་དགྱེས་རྫས་སུ་སྩལ་བས་རྣམ་བཞིའི་ཕྲིན་ལས་སྒྲུབ་པའི་ཞལ་བཞེས་ཀྱང་ཕུལ། དེ་དུས་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོས་རིན་ཆེན་མི་ཐོད་བརྒྱ་དང་བརྒྱད་ལས་གྲུབ་པར་རིན་ཆེན་སྣ་བདུན་འབུར་དོད་ཁྱད་མཚར་ཅན་གོང་མ་དེ་ཉིད་ཀྱི་སྐུ་ཚེ་རིལ་པོར་ཕྱག་བཅངས་གནང་ཞིང༌། བར་སྐབས་ལུམས་པ་བར་དང་རྟེན་དུ་འབྱོར་བས་དེས་རྨོར་ཆེན་རྡོ་རྗེ་འཆང་ལ་ཕུལ་བ་རིམ་གྱིས་བསམ་ཡས་སྐུ་རྟེན་པར་བྱུང་བ་དེ་རྗེ་རྡོ་རྗེ་འཆང་ཆེན་པོའི་ཕྱག་ཏུ་བབས་པ་ཡར་ལམ་ཐར་རྩེ་རྡོ་རྗེ་འཆང་ལ་ཕུལ་བ་ད་ལྟ་ཐར་རྩེའི་ནང་རྟེན་གྲས་སུ་བཞུགས་བར་ཐོས་ལགས། གང་ལྟར་རབ་གྲྭ་འདུས་སྤྱི་སྤྱི་སྒེར་སོ་སོ། སྐུ་རྟེན་པ། རྫོང་དཔོན་སོགས་ཀྱི་དངོས་འབྱོར་ཟད་མི་ཤེས་པ་དང་ཆབས་གཅིག་ཞབས་པད་ཡུན་བརྟན་གྱི་ཐ་ཚིག་ཞུ་བ་དང༌། ཚེས་བཅུའི་གར་འཆམས་གཟིགས་འབུལ། སྐྱ་སེར་བགྲང་ཡས་ལ་ཁྲོམ་དབང༌། ཨ་ར་པ་ཙ་ནའི་རྗེས་གནང༌། གཞན་ཡང་ཕུར་ཆུང་གཏོར་བསྔོ་སོགས་ཀྱི་ལྗགས་ལུང་སྩལ་བ་སོགས་བསྟན་འགྲོའི་མཛད་སྒོ་རྣམས་གྲུབ་ནས་རིམ་གྱིས་ཕེབས་པའི་ཚེ་རྩེ་ཐང་འབྲས་