R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༦
[A:༤༢༦]གླིང་དང་ཉི་སྐོར་གྱི་རྡོ་ཞིག་ལ་བློ་གྲོས་ཆོས་ཀྱི་རྒྱལ་མཚན་ཞེས་པའི་ཡི་གེ་རང་བྱོན་དུ་བྱུང་བ་བཞིན། དེ་དུས་ཀུན་གྱིས་རྗེ་རྡོ་རྗེ་འཆང་ཉིད་ལ་མཚན་དེ་བཞིན་དུ་གསོལ་བ་དང༌། རབ་འབྱམས་པ་མདོ་སྔགས་ཆོས་འཕེལ་གྱིས་བརྩམས་པའི་རྗེ་ཉིད་ཀྱི་བརྟན་བཞུགས་ནང་ནའང་དེ་བཞིན་འཁོད་ལགས། མགོ་ཟླའི་ཉི་ཤུར་ཁྲ་འབྲུག་དང་ཉེར་གཅིག་སྔ་དྲོ་གནས་གསར་རྡོ་རྗེ་འཆང་ཆེན་པོ་ཆིབས་བསུར་བྱོན་དུས་ནས་བཟུང་རྗེ་ཉིད་ཀྱི་རིགས་བདག་དེ་ཉིད་རྙེད་པར་གནང་བ་ཡིན་ཏེ། དེ་ཡང༌། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་རང་ལུགས་སྙན་བརྒྱུད་བསྟན་པ་རིན་པོ་ཆེའི་མངའ་བདག་ཡིན་པ་དང༌། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་འཇམ་མགོན་ཨ་མེས་ཞབས་ཀྱིས་དབུ་བླར་མཛད་པ་དང༌། གནས་གསར་སྟོང་དཔོན་ས་སྐྱ་པའི་སྐུ་ཉེ་ཡིན་པ་སོགས་སྒོ་དུ་མ་ནས་འབྲེལ་ལེགས་ལམ་ཆེ་བ་བཅས་དེ་དུས་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་དགོངས་ལ་ཡབ་རྗེ་དེ་ཉིད་ཀྱི་གསུང་སྒྲོས་ཀྱི་ཟུར་ལ་ཡར་ཀླུངས་དབོན་རིན་པོ་ཆེ་ཞེས་དགྱིས་ཉམས་མཛད་པ་དང༌། གཞན་ཕྱོགས་ལྷུང་གི་གཏམ་ཡང་དུ་མ་གསན་པ་བཅས་དབོན་རིན་པོ་ཆེ་དེ་བཟང་ངན་ཇི་འདྲ་ཡིན་ནམ་དགོངས་པ་ལས་མཐའ་གཅིག་ཏུ་ངེས་པའི་བཟང་ངན་མ་འཁྲུངས་ཤིང༌། དེ་གོང་གདན་ས་ནས་ཆིབས་མ་བསྒྱུར་གོང་དུ་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའི་མཚན་ཅན་གྱིས་ཡུམ་མཆོག་དང་མཛོད་འཛིན་པ་བཅས་ལ། ཡར་ཀླུངས་ཞབས་དྲུང་དུ་སྐུ་རུས་སྐུ་ཡོན་སོགས་གང་ས་ནས་དབུ་བླར་བཞེས་ཐུབ་པ་ཞིག་བྱུང་ན་ལེགས་ཚུལ་དང༌། རྗེས་སུ་ཕྱག་བྲིས་ཀྱིའང་བརྡ་སྦྱར་བར་བརྟེན་མཛོད་འཛིན་ནས་དེ་རྩིས་ཀྱི་སྙན་སྒྲོན་ཞུ་རྩིས་བཅས་གང་ལྟར་ཁྲ་འབྲུག་ཏུ་ཞལ་འཛོམ་ཐོག །བླ་མ་སྐུ་ལྟ་བས་ཆོག་མི་ཤེས་ཤིང་གསུང་འཇམ་ཞིང་སྙན་པ་གཟིགས་པ་ཙམ་གྱིས་ཐུགས་དད་དབང་མེད་དུ་འཁྲུངས་པ་ཞིག་དང༌། རྗེ་རྡོ་རྗེ་འཆང་ཉིད་ཞལ་གཟིགས་ཕྱོགས་ཀྱི་རྟེན་འབྲེལ་ས་རྒའང་མ་ལོག་པར་བྱང་གཟིགས་ལ་ཞབས་དྲུང་ཉིད་ལྷོ་གཟིགས་སུ་ཐོག་མར་ཞལ་རྒྱས། རིམ་