R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༤
[A:༤༢༤]དང༌། བཅུ་གཉིས་ལ་མིའི་དབང་པོར་ལེགས་འབུལ་གྱི་སྔ་རོལ་དུ་མི་དབང་ཡབ་སྲས། དཱ་ལས་ཡབ་སྲས་སོགས་དྲག་བསྡུས་རྣམས་ལ་བླ་མ་ཞི་ཁྲོའི་ཚེ་དབང་སོགས་ཐུགས་འདོད་བཞིན་སྩལ་རྗེས་ལེགས་སྐྱེས་རྣམས་བྲིམས་ཤིང༌། གོང་སྨོས་བཞིན་དེ་སྐབས་གདན་ས་ཆེན་པོ་རྩེ་གདོང་རྟེན་བརྟེན་པར་བཅས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཕྱག་ཏུ་ནོར་བདག་པོའི་ཚུལ་གྱིས་སོན་པར་གྱུར་ཏོ། །དེ་ནས་ར་མོ་ཆེར་མཆོད་འབུལ་སོགས་གོང་བཞིན་དང༌། བཅུ་གསུམ་ལ་རི་བོ་གྲུ་འཛིན་དུ་ཆིབས་བསྐྱོད་དེ་ཇོ་བོ་ལོ་ཀི་ཤྭ་ར། གསེར་གདུང་ཆེན་པོ་ཞལ་རྣམ་གཉིས་ཀྱི་དབུས་རྟེན་ཇི་སྙེད་པར་མཆོད་འབུལ་དང༌། བཅུ་དྲུག་ལ་རྣམ་གསེར་བརྒྱུད་གསང་ནེའུ་ཐོག་ཚོགས་ཁང་གསར་བཞེངས་ལ་ཕྱག་ནས། སྒྲོལ་མ་རྩོད་རྒྱལ། རྣམ་སྣང་གངས་ཅན། གདུང་རྟེན་ང་ལོང་མ་སོགས་ལ་མཆོད་འབུལ་རྒྱ་ཆེ། འདུས་སྡེར་བསྙེན་བཀུར། རྣམ་གསེར་དུ་ཁྲོམ་དབང༌། འཇམ་དབྱངས་དམར་སེར་དང་འབྱུང་འདུལ་རྗེས་གནང་སོགས་སྩལ་ཞིང༌། དེ་སྐབས་ཀྱང་གོང་ལྷ་སའི་ལྟས་དང་མཚུངས་པ་བྱུང་ཞེས་བླ་གྲྭ་ཀུན་ངོམས་བཞིན་དུ་གླེང་མོ་འཁྲོལ་བར་གྲགས། དེ་ནས་ལྷ་ལྡན་དུ་ཞི་བ་ལྷ་དང་དྲུང་འཁོར་འགའ་ཞིག་ལ་སྒྲོལ་དཀར་སྤྱན་བདུན་མའི་རྗེས་གནང་ཚེ་དབང་སོགས་དང༌། སྤྱི་སྒེར་གྱི་རེ་བ་མཐའ་དག་ཉེ་བར་སྐོང་བར་མཛད། དེ་སྐབས་གོང་མའི་ཏཱ་ཤིང་བཅས་ཐུན་གང་བའི་དགེ་རྩ་བ་འབྱོར་བས་ཏཱ་ཤིང་དྭ་ལས་ཙང་ཇུན་སོགས་ལའང་ལེགས་སྐྱེས་བསྟར་བར་མཛོད་འཛིན་པ་བཀས་མངགས་ཤིང༌། རིམ་གྱིས་གོང་ས་མཆོག་ས་སྐྱོང་ཡབ་སྲས་སོགས་ནས་ཕེབས་ཕྱག་བདག་རྐྱེན་བླ་མེད་དུ་སྩལ་ཏེ་ཉེར་བདུན་ལ་རྩེ་ཤོད་ཕེབས་སྐྱེལ་བ་རྣམས་དང་བཅས་ལྷ་ལྡན་ནས་ཆིབས་བསྒྱུར་གྱིས་ཡེར་བ་དང་ཡེར་ལ་བརྒྱུད། ན་ལེནྡྲ་ཞེས་རྒྱུན་གྱི་དབང་པོར་འབོད་པའི་གནས་སུ་ཕེབས་ཏེ་རྟེན་ཇི་སྙེད་པར་མཆོད་འབུལ་སོགས་དང་སྐྱ་སེར་འདུས་ཚོགས་ལ་ཁྲོམ་དབང༌། བཅོ་བརྒྱད་དུ་ཚེ་རྟ་སྦགས་སྒྲུབ་