R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༢
[A:༤༣༢]སྐོར་གསན་སྐབས་ཤིག་འོད་གསལ་དུ། རྗེ་བླ་མ་དང་མཇལ་ཞིང་ཐུགས་དགེས་པའི་རྣམ་འགྱུར་དུ་མ་ཞིག་མཛད་པའི་ངང་ནས་ཆོས་སྲུང་ཆེ་ཆུང་གཉིས་ལ་བསྟོད་པ་ཤློ་ཀ་བདུན་རེ་རྩོམས་ཤིག་གསུང་པ་འཁྲུངས་པའི་རྒྱུ་མཚན་ཞབས་དྲུང་དུ་ཕུལ་བས། བཏང་རག་ཞིག་དང་བསྟོད་པ་ཞིག་མཛད་དགོས་ཀྱི་བརྡར་འདུག །ཅེས་གསུངས་པའི་བསྟན་སྲུང་དགྱེས་པའི་ལྷའི་རོལ་མོ་ཞེས་བྱ་བ་འདི་ལྗགས་རྩོམ་མཛད་དོ། །དེ་དག་གི་དོན་བསྡུ་ན། རིམ་གཉིས་ཟབ་མོའི་མཆོག་ཐུན་དངོས་གྲུབ་བརྙེས། །གཞི་ལམ་འབྲས་དུས་སྨིན་གྲོལ་གདམས་པས་བསྐྱངས། །ཚད་མ་སྙན་བརྒྱུད་བཞི་སོགས་གནས་གསར་རྗེའི། །ཟབ་ཆོས་བུམ་པ་གང་བྱོས་ཐུགས་བརྒྱུད་གཏམས། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་བཅུ་བདུན་དུ་བྱོན་པ་ཤིང་གླང་ལོར་མཛོད་འཛིན་རྒྱལ་མཚན་རིན་ཆེན་གྱིས་བསྐུལ་མ་ཞུས་དོན་བཞིན། འཛམ་གླིང་མཛེས་པའི་རྒྱན་མཆོག་སྤྲུལ་པའི་གནྡྷོ་ལ་ཆེན་པོ་འདིའི་ཤར་ནུབ་བྱང་གསུམ་གྱི་སྤེན་བད་གསར་སྤོ་དང་སྦྲགས་གོ་འཕང་ཆེར་བསྟོད་ཅིང༌། ལྷོ་མར་ཁ་སྒྲོན་བཅས་གཙུག་ལག་ཁང་མཛེས་པའི་ཞབས་ཏོག་རྒྱ་ཆེར་བསྐྲུན་པའི་གསུང་གསང་ལྷུག་པར་གྲོལ་བའི་ཐ་ཚིག་རྡོ་རྗེའི་རི་མོ་སྤྱི་བོའི་རྒྱན་དུ་བཀོད་དེ། འགོ་བཟོ་འུལ་མི་བཅས་ནས་སླ་བཅོས་བབ་ཅོལ་དུ་མ་སོང་བར་རྒྱུ་འབྲས་ཀྱི་བླང་དོར་སྙིང་ཁོངས་སུ་བཅངས་ཏེ་བགྱིས་པའི་དགེ་བའི་རྩ་བ་ནི། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དུ། གདན་ས་ཆེན་པོ་འདི་ཉིད་ཀྱི་ཁང་ཕྲན་རེ་ལ་ཞིག་གསོ་བྱས་ན་ཡང་མཆོད་རྟེན་རེ་བཞེངས་པའི་ཕན་ཡོན་དང་འདྲ་བར་བླ་མ་གོང་མ་རྣམས་ཀྱི་གསུང་ལས་འབྱུང་བ་ཐུགས་ལ་བཞག་གསུངས་པས་ན། དེ་ལྟ་བུའི་དགེ་བའི་རྩ་བ་རྒྱ་ཆེན་པོ་རྣམས་ལ་ལྟ་སྨོས་ཀྱང་ཅི་འཚལ་ཞིང༌། ལས་མི་རྣམས་ལའང་སྤྱི་སྒེར་ནས་ཇ་ཆང་རྩམ་ཤ་སོགས་འདུ་ལོང་ཕུན་སུམ་ཚོགས་པ་དེ་དུས་ལས་བཟང་བ་མ་དྲན། ཞེས་ད་ལྟའང་ངག་རྒྱུན་དུ་ཆགས་