R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༡
[A:༤༣༡]ལྗགས་བསྙེན་གྲོལ་འཕྲལ་ཙན་དན་དམར་པོའི་ཕྲེང་བ་ཕྱག་འབྱོར་སོགས་གཞུང་ནས་བཤད་པའི་འགྲུབ་རྟགས་འཁྲུལ་མེད་བྱུང་ཞེས་གསུང་ཟེར་གྱི་ཟུར་ལས་རྙེད། དེ་ལོའི་བཛྲ་ཀཱི་ལ་ཡའི་སྒྲུབ་མཆོད་ཀྱི་རྡོ་རྗེ་སློབ་དཔོན་མཛད་དེ་སྐལ་ལྡན་གྱི་སློབ་བུ་བརྒྱ་དང་ཉེར་ལྔ་དེའི་དཀྱིལ་འཁོར་དུ་སྨིན་གྲོལ་ལ་འགོད་པར་མཛད་པའི་རྒྱུན་ལོ་ཡུན་རིང་པོའི་བར་དུ་མང་ཉུང་ཅི་རིགས་རེ་དང༌། དེ་ལོ་གསེར་མདོག་དབོན་པོར་ཀྱེ་རྡོ་རྗེའི་རྒྱུ་དབང་དང་ཚེ་དབང༌། གདན་སའི་ལས་ཆེན་པ་སོགས་མཚམས་པའི་རིགས་རྣམས་ལ་ལམ་དབང༌། གོང་མའི་རྣལ་འབྱོར་མ་དང་བསྟུན་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་བྱིན་རླབས་ཚར་ལྔ་སྩལ་ཞིང་དེའི་ཟླ་མཇུག་ལ་འཇམ་མགོན་གནས་གསར་བ་ཆེན་པོ་གདན་སར་ཕེབས་ཏེ། བོད་ལོ་གསར་པའི་ཡར་ཚེས་དགེ་བ་ནས་བཟུང་ཁའུ་བྲག་རྫོང་པའི་ལུགས་སམ་ཚར་ལུགས་སུའང་གྲགས་པ་ཚེ་ཐུང་དབང་པོ་ཡང་རབ་ཚེ་གཅིག་ལ་སངས་རྒྱས་པའི་ཐབས་ཐུན་མོང་མ་ཡིན་པ་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་ཉམས་ལེན་གྱི་གདམས་པ་གསུང་ངག་ཟབ་མོ་སློབ་བཤད་ཅེས་གྲགས་པ་འདི་ཉིད་ནི། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོས། ཚོགས་པར་བཤད་པའི་དྲང་དོན་ཟ་ཟིའི་གཏམ། །རྣམ་པར་སྤངས་ཏེ་སློབ་བུ་མཆོག་དག་ལ། །གཅེས་པར་བསྐྱངས་པའི་ངེས་དོན་སྙིང་པོའི་བཅུད། །ཟབ་མོ་སློབ་བཤད་ཁྱོངས་པར་བྱིན་གྱིས་རློབས། །ཞེས་གསུངས་པའི་གསུང་ངག་ལུགས་གཉིས་ཀྱི་མཆོད་ཚུལ་ཡང་འདི་ལྟ་སྟེ། མུས་ཆེན་འཁོར་ལོ་སྡོམ་པ་ཡན་ལ་ཚོགས་སློབ་ཀྱི་ཐ་སྙད་མི་སྣང་ཡང་མགོན་དེས་བདག་ཆེན་རྡོ་རྗེ་འཆང་ལ་ཟབ་གནང་འགའ་ཞིག་ཟུར་དུ་སྩལ་བ་ནས་དེ་ལྟར་དུ་གྲགས་པའི་གདམས་ངག་ཟབ་མོས་མཚོན་ལོ་ངོ་ཕྱེད་གཉིས་ཙམ་གྱི་བར་དུ་གནས་གསར་འཇམ་མགོན་ལ་བཞུགས་པའི་ཟབ་ཆོས་རེ་གཉིས་ཙམ་མ་གཏོགས་མཐའ་དག་པར་བུམ་པ་གང་བྱོའི་ཚུལ་དུ་བཞེས་མུའི་ཞལ་གྱི་ཆོས་