R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༣
[A:༤༣༣]ཤིང༌། དེ་ལོ་ཁལ་ཁ་འགའ་ཞིག་ལ། སེང་གདོང་སྔོན་མོའི་རྗེས་གནང་ལུང་བཅས་དང༌། བླ་མ་ཆུ་བཟང་པར་གྲུབ་རྒྱལ་མའི་ཚེ་དབང༌། གནས་གསར་རྡོ་རྗེ་འཆང་ཆེན་པོ་དང༌། རྩེ་གདོང་སྤྲུལ་སྐུ། ཆུ་བཟང་བླ་མ་བཅས་ལ་གུར་ལྷ་བརྒྱད་ཀྱི་རྗེས་གནང་དང༌། ཡང་གནས་གསར་རྡོ་རྗེ་འཆང་ཆེན་པོར་ཀྱེ་རྡོ་རྗེ་མན་ངག་ལུགས། ཡང་དག །བདག་མེད་ལྷ་མོ་བཅོ་ལྔ། ཨ་ར་པ་ཙ་ན་ལྷ་ལྔ། ཕུར་པའི་སྟོད་ལས་སྨད་ལས་རྣམས་ཀྱི་དབང་བཀའ་དང༌། རི་ཁྲོད་མའི་བྱབས་ཁྲུས། ལྕགས་སྡོང་ལྷ་མང༌། དཀར་བདུད་ཀྱི་རྗེས་གནང་རྣམས་དང༌། གོང་མ་ལྔའི་བཀའ་འབུམ་ན་བཞུགས་པའི་བདེ་མཆོག་ཐུགས་རྗེ་ཆེན་པོ། མི་གཡོ་བའི་སྐོར་རྣམས་དང༌། ས་ལོའི་བླ་མཆོད། ཆོས་སྤྱོད་རབ་གསལ། བསྐང་བ། བསྟོད་འབུམ། ཉམས་རྟོགས་གོང་འཕེལ། ཕྱོགས་བཅུ་མུན་སེལ། རི་ཁྲོད་མའི་མདོ་རྣམས་ཀྱི་ལྗགས་ལུང་དང༌། ཆུ་སྟོད་ཟླ་ནང་ཞེ་རེ་སྐྱེད་ཚལ་སྤྲུལ་སྐུར་ཀྱེ་རྡོར་རྒྱུ་དབང་དང་གྲུབ་ཐོབ་ཚེ་དབང༌། ཛ་སག་བླ་མ་བསྟན་འཛིན་ཆོས་དར་གྱི་མི་སྣ་ཁ་ཤས་ལ། བཟང་སྤྱོད། ལྟུང་བཤགས། ཤེས་སྙིང་རྣམས་ཀྱི་ལྗགས་ལུང་ཡང་སྩོལ་བར་མཛད་དོ། །དེ་དག་གི་དོན་བསྡུ་ན། འཛམ་གླིང་རྒྱན་གཅིག་སྤྲུལ་པའི་དྲི་གཙང་ཁང༌། །མངོན་མཐོ་མཛེས་པའི་དབུ་འཕང་བླ་ན་འཕགས། །ཕན་ཚུན་ཆོས་ཀྱི་བང་མཛོད་འཇོ་བའི་ཟླ། །སྟོང་གསུམ་ནོར་བུས་བཀང་ཡང་སྒྲུན་སྐབས་བྲལ། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་བཅོ་བརྒྱད་དུ་བྱོན་པ་མེ་སྟག་ལོ་བཀྲ་ཤིས་ལྷ་ཁང་གི་ཟམ་སྣེར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཞལ་གཟིགས་པའི་ཚུལ་འབུམ་ཐང་ལྡེབས་བྲིས་ལ་གསལ་བ་བཞིན་དང༌། རྟ་ཟླའི་ཡར་ཚེས་ལ་མགོན་ཁང་ཁག་བཞིར་ཕྲིན་འཆོལ་སྔོན་འགྲོའི་ཉེར་དགུར་གདན་ས་ཆེན་པོ་རྩེ་གདོང་གི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། རིམ་གྱིས་