R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༧
[A:༤༣༧]ཕབ་ཚུལ་མཆིས་ཀྱང་དེ་ཙམ་ལས་སྤྲོ་མ་ནུས། དེ་མཚམས་ནས་གུང་འགྱུར་མེད་ཚེ་བརྟན་དཔོན་གཡོག་རྣམས་ཕེབས་པའི་ཚེ་རྗེ་རྡོ་རྗེ་འཛིན་ཆེན་པོ་ཉིད་ཀྱིས། བླ་བྲང་ཕུན་ཚོགས་གླིང་དུ་མཇལ་ཕྱག་སོགས་ལུགས་གཉིས་ཀྱི་བདག་རྐྱེན་ཕུན་སུམ་ཚོགས་པས་ཁོང་དཔོན་གཡོག་རྣམས་དགའ་སྤྲོ་འཛུམ་མདངས་ཀྱི་དཔལ་ལ་སྦྱོར་བར་མཛད་སྐབས། འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་གཞི་ཐོག་དབང་ཁང་ན་གཟིམ་དཔོན་ཀུན་ཕུན་དང་བཅས་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེའི་གཞི་བསྙེན་ལ་བཞུགས་པའི་སྐབས་ཏེ། དེའི་སྔ་རོལ་ཏུ་ཨ་ཙར་ཞིག་ནས་ཤེལ་བུམ་ཆེ་བ་ཞིག་ཏུ་ཆུ་བོ་གངྒཱའི་ཆུ་ཁྱེར་བ་དང་མཇལ་འཕྲད་ཀྱིས་གསུང་གླེང་མང་དུ་མཛད་པས་ཡམ་བུ་དང་གོརྵའི་ལོ་རྒྱུས་འདྲ་ལས་གཞན་མི་སྣང་ཞིང༌། སྐུ་མཚམས་ཐོག་གུང་སྐུ་རྐྱང་ལ་མཇལ་ཕྱག་དབུ་ཚུགས་སུ་མཛད་པ་བཞིན་བཀའ་དྲིན་ཆེ། བཅད་རྒྱ་མཐར་ཕྱིན་འཕྲལ་ཡུལ་ཆེན་བན་ཚང་པས། ལས་མཁན་རུ་འདྲེན་བཅས་ཀྱི་འཆམས་གཟིགས་འབུལ་ཡང་མཛད་དོ། །དེ་དག་གི་དོན་བསྡུ་ན། གཉུག་མར་གནས་སོགས་བསླབ་གསུམ་རྒྱན་ཕྲེང་ཅན། །བསྡུ་དངོས་རྣམ་བཞི་སྙིང་པོའི་གསོས་ཀྱིས་སྦྱངས། །སྟོབས་ལྡན་ས་སྤྱོད་དྲེགས་པའི་ཆེ་བསྐྱུངས་ནས། །ཞབས་སེན་རལ་པའི་དོ་ཀེར་བླ་ནང་བཞེས། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲང་ཉི་ཤུར་ཕེབས་པས་འབྲུག་ལོར་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཞལ་རྒྱས་ནས་དཔལ་གུར་གྱི་མགོན་པོའི་ལྗགས་བསྙེན་ཟླ་གང་མ་ཞིག་མཛད་པ་འདི་ནི་རྗེ་ཉིད་ཀྱི་གུར་གྱི་སྔགས་བསྙེན་གཉིས་པའི་སྐབས་དང༌། དེ་ནས་འཇམ་མགོན་སངས་རྒྱས་ཡེ་ཤེས་ལ་གྲུབ་ཆེན་བརྒྱད་ཅུ། ཉི་སྦས་སྒྲོལ་མ། སྣར་ཐང་བརྒྱ་རྩ། ས་སྐྱ་བཀའ་འབུམ་གྱི་ལྗགས་ལུང་རྣམས་ཞལ་རྒྱས་ནས་གསན་སྐབས་འཇམ་མགོན་མཐུ་སྟོབས་ཀྱི་མཚན་ཅན་གང་ལ་སྐུ་