R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༦
[A:༤༣༦]རྗེས་གནང་ལུང་བཅས་དང༌། དེའི་བསྐང་བ་སངས་རྒྱས་རིན་ཆེན་དང་མགོན་དཀར་སྒྲུབ་སྐོར་ཚར་ཆེན། མཁྱེན་བརྩེ། ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལུང་རྣམས་དང༌། གཞན་ཡང་ཁལ་ཁ་ཚེ་བརྟན་རྒྱ་མཚོར་ཀྱེ་རྡོ་རྗེའི་རྒྱུ་དུས་ཀྱི་དབང་ཟབ་མོ་སྩོལ་བ་དང་ཆབས་གཅིག་ཞ་ལུ་གྲང་ཆེན་སློབ་དཔོན་སོགས་སློབ་བུ་ཉེར་གསུམ་ཙམ་ཡང་སྨིན་པར་མཛད་ཅིང༌། ཞ་ལུ་པ་ཚོར་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་བྱིན་རླབས་གནང་བའི་ཚེ་ནང་མཆོད་ཀྱི་དཀྱིལ་དུ་བྃ་ཡིག་རང་བྱོན་འཁྲུངས་པ་ཀུན་གྱི་མིག་གི་བདུད་རྩིར་སྩལ་བའི་ངོ་མཚར་གྱི་མཛད་པ་དང་སྦྲགས་ཚར་མཛད་སྒྲུབ་དཀྱིལ་ལྗགས་ལུང་རྣམས་ཀྱི་སྒོ་ནས་ལས་ཅན་དག་པའི་གདུལ་བྱ་མང་པོ་རྗེས་སུ་བཟུང་བར་མཛད་དོ། །དེ་དག་གི་དོན་བསྡུ་ན། ས་འཛིན་རྩེ་མོའི་གདོང་དུ་མིག་སྟོང་པའི། །ཁབ་བཞིན་བཀྲ་བའི་སྐྱེ་དགུར་ཆོས་སྦྱིན་སྒོ། །བརྒྱ་ཕྲག་དབྱེ་ཟིན་སླར་ཡང་མཐའི་འགྲོའི་རྒྱུད། །སྨིན་གྲོལ་ལམ་དུ་ནང་གི་ཕག་མོ་བསྟན། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་བཅུ་དགུར་ཕེབས་པ་མེ་ཡོས་གྲོ་བཞིན་ཟླ་ནང་ཆོས་སྡེ་ཉི་ཟླ་ཟུང་སོགས་ལ་སྒྲུབ་ཐབས་བརྒྱ་རྒྱམ་གྱིས་མཚོན་ཆོས་ཆར་མཐའ་ཡས་པ་ཞིག་དང༌། གཞན་ཡང་གྲང་ཆེན་དབུ་བྱེད། སྤོར་བླ་མ། གྲང་ཆེན་སློབ་ཚབ་སྦྱིན་པ་རྣམས་ལ་ལས་གཤིན་བཅུ་གསུམ་མ་དང༌། དཔའ་གཅིག་གི་རྗེས་གནང༌། བཅུ་གསུམ་མའི་བསྐང་བ། ཚར་མཛད་བཅུ་གཅིག་ཞལ་གྱི་རྗེས་གནང༌། དེའི་སྨྱུང་གནས་བྱ་བཏང་རྗེས་མཛད་པ་རྣམས་ཀྱི་ལུང་དང་ཡང་སྐབས་སྣ་ཚོགས་སུ་གདན་སའི་ཟོར་ལས་སོགས་ལ་གུར་ཁྲོ་བཅུ། ལྷ་བརྒྱད། ཞལ་སྒྲུབ་བསྙེན། པུ་ཏྲ། དེའི་ཟུར་བཀའ། བྲན་བདུད། དཀར་བདུད་རྣམས་ཀྱི་རྗེས་གནང་སོ་སོའི་ཡིག་ལུང་རྣམས་དང༌། ཡང་ངོར་གྱི་འབུལ་ཁག་བླ་མ་དང་ཉི་ཤར་བ་སོགས་ལ་དམག་ཟོར་མ་དང༌། དུར་བདག་རྗེས་གནང་སོགས་ཚར་ཁ་ཤས་སྩལ་བར་མཛད་ཅིང༌། དེ་ལོ་གཞན་ཡང་ཆོས་ཆར་མང་དུ་