R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༨
[A:༤༣༨]ཁྲག་བརྟས་པ་ལྟ་བུའི་སྙུན་གཞི་ལྕི་བ་ཞིག་བཞེས་སྐབས་ངོར་པ་དཔོན་སློབ་རྣམས་ཀྱིས་འཇིགས་བྱེད་དྲུག་ཅུ་པ། རྣམ་རྒྱལ་སྟོང་མཆོད་སོགས་དང༌། ཆོས་གྲྭ་ལྷོ་བྱང་ནས་ཀྱང་སྐུ་རིམ་རྒྱ་ཆེ། ལྷག་པ་རྗེ་རྡོ་རྗེ་འཛིན་ཉིད་ཀྱིས་ཚེ་སྒྲུབ་རྣམས་ལ་ཐུགས་བརྩོན་ལྷུར་བཞེས་མཛད་པས་རེ་ཞིག་ནས་སྐུ་ལུས་ལས་འབུ་མཐོ་གང་ཙམ་ཞིག་མངོན་སུམ་དུ་འཐོན་པས་འཕྲལ་དུ་སྙུན་གཞི་ལས་གྲོལ་བའང་རྗེ་རྡོ་རྗེ་འཆང་ཉིད་ཀྱི་སྐུ་དྲིན་དུ་ཡང་དག་པར་འཁུམས་ལགས། རྟ་ཟླའི་ནང་ཡུལ་ཆེན་བན་ཚང་པར་ཀྱེ་རྡོ་རྗེའི་རྒྱུ་དབང༌། ཀུན་རིག །ཚེ་དཔག་མེད་ལྷ་དགུ། གུར་དྲག་རྣམས་དང༌། ནག་ཟླའི་ནང་ངོར་གྱི་གྲྭ་རྒྱུན་ཁ་ཤས་དང་སྐུ་དྲུང་སྐུ་སྐྱེ་བཅས་ལ་ས་པཎ་བླ་མའི་རྣལ་འབྱོར། ཀུ་རུ་ཀུལླེའི་རྗེས་གནང་ཐུན་མོང་བ། དམག་ཟོར་མའི་རྗེས་གནང་ལུང་བཅས་རྣམས་སྩལ་ཞིང༌། འདྲེན་མཆོག་སངས་རྒྱས་ཡེ་ཤེས་ལ་གྲངས་ཆེན་བཅོ་བརྒྱད་ཀྱི་ལྗགས་ལུང་ནས་བཟུང་ཆོས་བཀའ་རྒྱ་ཆེར་ཕུལ་བ་རྣམས་དམ་པ་དེ་ཉིད་ཀྱི་གསན་ཡིག་ན་གསལ་བ་བཞིན་དང༌། སྣྲོན་ཟླའི་ནང་ཀླུ་སྡིངས་ཞབས་དྲུང་རིན་ཆེན་མི་འགྱུར་རྒྱལ་མཚན་ལ་ཕུར་དབང༌། དཀར་བདུད་དང་ལས་གཤིན་བཅུ་གསུམ་མའི་རྗེས་གནང་ལུང་བཅས་དང༌། གདོང་དགའ་ཆོས་སྡེ་པ་འགའ་ཞིག་ལ་ལམ་དབང༌། ལྷ་བརྒྱད་དང་པུ་ཏྲའི་རྗེ་གནང་ལུང་བཅས་དང༌། སྤྱི་ཤིང་བླ་མ་ངོ་གཡོག་ལ་ཡང་ཕུར་དབང་སོགས་བསྟན་འགྲོའི་བགྱི་བ་འབའ་ཞིག་གིས་དུས་འདའ་བར་མཛད་སྐབས་མཛོད་འཛིན་པའང་བྲོ་འཚལ་གྱི་མུ་དང༌། དེ་མཚམས་ནས་རྗེ་རྡོ་རྗེ་འཆང་ཉིད་གཞིས་རྩེ་རིན་རྩེ་སོགས་ལ་ཕེབས་སྐབས་ཏེ། རྗེ་ཉིད་ཀྱི་གསུང་ལས། དེ་ལོ་ངས་ནི་གཞིས་རྩེ་རིན་རྩེ་སོགས་ལའང་སྲིད་པ་བར་དོའི་རྣམ་ཐར་ཞིག་བསྐྱངས། ཞེས་གསུངས་ཤིང༌། དེའི་ཚེ་གདན་སའི་ལུགས་ཟུང་གི་ཐུགས་ཁུར་རྣམས་གང་དང་ཞལ་མི་གཉིས་པའི་འཇམ་མགོན་