R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༩
[A:༤༣༩]མཐུ་སྟོབས་དབང་ཕྱུག་ཉིད་ཀྱིས་བཞེས་ཤིང༌། རྗེ་ཉིད་དབང་ཕྱོགས་སུ་ཆིབས་བསྒྱུར་གྱིས་སྐྱེར་ཁ་ཚལ་ཞེས་པར་བཞུགས་སྟན་འཇགས་ཏེ་ངོ་མཚར་མཁས་གྲུབ་ཀྱི་མཛད་པར་གཞན་དྲིང་མི་འཇོག་པས་དུས་འདའ་བར་མཛད་སྐབས་ཤིག །དེ་ལོ་གཞིས་རྩེར་ཆར་དཀོན་པོ་ཞིག་བྱུང་བའི་རྐྱེན་དང༌། བརྙད་ཀྱིས་འཚོལ་བའི་ཡང་ཕྱིར་ཏེ་རྗེ་ཉིད་ལ་ཆར་འབེབས་དགོས་ཚུལ་གསོལ་བ་བཞིན་མཛད་མ་ཐག་ལུང་པ་ཆུས་གང་བའི་དྲག་ཆར་ཞིག་འབེབས་པར་མཛད་པས་འདོད་རྒྱལ་གྱི་སྒྲར་བཤོས་ཀྱི་མིང་ལ་བག་ཏུ་འབོད་པ་བཞིན་སྐྱེ་བོ་ཀུན་གྱིས་ད་གཟོད་ས་སྐྱ་བདག་ཆེན་རིན་པོ་ཆེས་བག་བྱིན་སོང༌། ཞེས་གླེང་བ་དང་ལྷན་ཅིག་དད་མོས་དང་དགའ་མགུ་ལྷག་པར་ཆེ་བའི་དཔལ་ལ་འགོད་པར་མཛད། ཅེས་དང༌། དེ་ནས་རིན་རྩེར་ཕེབས་སྐབས་ཚེ་དབང་ཞིག་དང་གུར་ཁྲོ་བཅུའི་རྗེས་གནང་ཞིག་དབང་དཱ་ལས་ནས་ཞུས་སྩལ་མཛད་ཅིང༌། གནས་དེར་ཕ་བོང་ཆེན་མོ་ཞིག་མཆིས་པ་དེ་མེད་པ་མཛད་དགོས་ཚུལ་གསོལ་བ་བཞིན་ལ་ཡང༌། མཚན་གང་ཞིག་ལ་ཕ་བོང་དེ་ལྷག་མ་ཙམ་ལས་མི་སྣང་བའི་རྫུ་འཕྲུལ་འགའ་ཞིག་སྟོན་པར་མཛད་ཅེས་རྒན་ཐོག་འགའ་ཞིག་གླེང་བར་ཐོས་ལགས་པས་དགོས་གལ་ཆེ་དུས་རྫུ་འཕྲུལ་གྱི་བཀོད་པར་རྡུགས་པའི་གྲས་ནི་དམ་པ་དེ་ཉིད་ནམ་ཡང་མིན་པས། རྗེ་རྡོ་རྗེ་འཆང་ཉིད་ཀྱི་གསུང་ལས་ཀྱང༌། ཁོ་བོ་ནི་བླ་མ་གོང་མ་རྡོ་རྗེ་འཆང་དང་ཞལ་མི་གཉིས་པ་མང་པོས་རྗེས་སུ་བཟུང༌། བསྙེན་སྒྲུབ་ལས་གསུམ་མཐའ་དག་རང་ཡིད་ཆེས་ངེས་བགྱིས་པའི་མཐུ་ལས་ལས་བཞི་ཅི་སྒྲུབ་ཀྱང་ཡི་དམ་ཆོས་སྲུང་གི་བྱིན་རླབས་འཇུག་ངེས་པ་རང་ཡོད་རུང་དྲག་ལས་སོགས་ནི་ཆེར་མ་བགྱིས་ཤིང༌། གལ་ཏེ་རྡོ་རྗེ་འཆང་གི་རྒྱུད་སྡེ་ནས་བཤད་པ་ཉམས་སུ་ལེན་དགོས་པ་ཞིག་ཡིན་ནའང་མཐའ་རྡུགས་པའི་གྲས་ནི་མིན་