R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༤
[A:༤༤༤]རྗེས་གནང༌། ཙ་ཏུརྨུ་ཁ་དཀར་པོ་ཚེ་འཕེལ། ཡབ་ཆོས་འཇམ་དཔལ་དཔའ་གཅིག །སྒྲོལ་མ་དཀར་མོའི་རྗེས་གནང་རྣམས་ཏེ་ཟབ་རྒྱས་གདམས་པའི་བསིལ་ཟེར་གྱི་བདུད་རྩིས་ས་སྤྱོད་ཐུགས་ཀྱི་ཀུནྡ་དཀར་གསལ་བཞིན་རས་ཀྱི་མེ་ཏོག་ཕྱོགས་ཀྱི་བུ་མོར་ངོམ་པའི་དགའ་སྟོན་ལ་བཀོད་པའི་མཐུ་ལ་བརྟེན་ནས། ས་བསྟན་ནོར་འཛིན་དཔལ་མོའི་ལྗོངས་འདིར་དར་ཞིང་རྒྱས་ལ་ཡུན་རིང་གནས་པའི་ཐུགས་སྨོན་རྒྱལ་སྲས་མཆོག་གི་སྤྱོད་པས་དུས་འདའ་བར་མཛད་དོ། །ས་ཟླའི་ནང་རགས་རྫོང་དགོན་ལག་བཅས་པར་ཀྱེ་རྡོ་རྗེའི་རྒྱུ་དབང་དང་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་བྱིན་རླབས་ཀྱང་སྩོལ་བར་མཛད་དེ། སྣྲོན་ཟླ་ཙམ་ནས་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་བསྟན་སྲུང་རྒྱ་མཚོའི་བསྟི་གནས་བདུད་ལས་རྣམ་རྒྱལ་དཔལ་མགོན་དགའ་བའི་ཚལ་དུ་བྲག་རྫོང་མའི་ལྗགས་བསྙེན་སྦྱིན་སྲེག་བཅས་མཛད་སྐབས་ཙམ་ནས་བཟུང་རྗེ་ཉིད་ཀྱིས་ཕུར་སྒྲུབ་ཆེན་མོར་གསུང་བཤད་ཀྱི་དགའ་སྟོན་སྩོལ་གནང་གི་སྔོན་འགྲོ་ཕྱག་དཔེ་འཛིན་སྦྱངས། ཕྲིན་འཆོལ་སོགས་མཛད་རྗེས་གྲོ་བཞིན་བཛྲ་ཀཱི་ལ་ཡ་སྒྲུབ་ཅིང་མཆོད་པའི་འདུས་པ་རྒྱ་མཚོའི་དབུས་སུ་ལེགས་བཤད་ཀྱི་དགའ་སྟོན་ལྷུག་པར་གྲོལ་བ་དང༌། མདོས་ཆང་དང་སྐུ་རིམ་ཆེན་མོའི་ཟོར་འཛིན་གྱི་རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ་རྒྱུའི་ལྗགས་བསྙེན་རྣམས་མུ་སྦྲེལ་གྱི་ཐུགས་བྲེལ་རྣམས་འབྱུང་འགྱུར་དང༌། དབྱུག་ཟླའི་ནང་སྤྱི་སྒེར་བསྟན་འགྲོའི་ཉེར་འཚེ་ཞི་ཕྱིར་རྗེ་ཉིད་ཀྱི་བཀའ་གསང་རྨད་དུ་བྱུང་བས་འདོམས་ཏེ། གང་གི་གཅུང་འཇམ་མགོན་མཆོག་ནས་སྒོ་རུམ་བླ་མ་ལྷ་ཁང་དུ་བཞུགས་ཡུལ་གྱིས་བསེ་འབག་ནག་པོ་འཕུར་ཤེས་ཀྱི་སྐུ་དྲུང་དུ་ཞག་འགའ་བསྐང་ཕྲིན་ལ་ཐུགས་བརྩོན་གྱི་མུར། ཉིན་གཅིག་བསེ་མགོན་བཞུགས་ཡུལ་ནས་སྐུ་མདུན་ལ་རྒྱང་གིས་མཛད་པ་ལྟ་བུ་དང༌། ཉིན་གཅིག་ས་ལོཙྪ་བའི་ཕྱག་