R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༣
[A:༤༤༣]འཇིགས་བྱེད་ར་ལུགས་རོ་ལངས་བརྒྱད་བསྐོར། བདེ་མཆོག་གོང་ཞལ་ཅན། ཡབ་ཆོས་རྟོག་པ་ནས་གསུངས་པའི་ཀུ་རུ་ཀུལླེ་ལྷ་ལྔ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་སྒོ་ནས་དབང་རྣམས་སྨིན་རྒྱས་ཆོས་རྒྱལ་དགེས་པའི་མཆོད་རྫས་སུ་འབུལ་བར་མཛད། རྗེས་གནང་སྐོར་ལ། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་འདི་ཉིད་ཆགས་པའི་ཐོག་མར་གྱུར་པ་སྒོ་རུམ་མམ། སྒོ་རིམ་མམ། སྒོ་བསྲུངས་སོགས་སྒྲ་བཤད་འཇུག་དང་ལྡན་པའི་ཡེ་ཤེས་མགོན་པོའི་དྲུང་དུ་ལྷ་བརྒྱད་ཐུན་མོང་བས་འགོ་དྲངས། སྐབས་མཚམས་ཇི་ལྟར་རིགས་པར། ཁ་འུའམ་ཁའུབ་ཅེས་ཀྱང་གླེང་བའི་མེ་འབར་གྱི་བྲག་ལ་དངོས་སུ་ཐིམ་པའི་ཙ་ཏུ་རྨུ་ཁ་བསྙེན་དུས་ཀྱི་རྗེས་གནང༌། སྔོན་སྔགས་འཆང་ཆོས་ཀྱི་རྒྱལ་པོར་དམ་ཉམས་ལྷ་ས་རྫོང་པས་ཉིན་མཚན་དུས་དྲུག་ཏུ་འཚེ་བའི་སྐབས་ཤིག་ནོར་སྐྱོང་ཡམ་ཡུམ་གྱིས་བསྟན་དགྲ་དེ་དག་ལ་མངོན་སྤྱོད་ཀྱི་ལས་མཛད་པར་གཟིགས་སྣང་སོགས་འཁྲུངས་པའི་ངོ་མཚར་དང་ལྡན་པ་དཔལ་དུར་ཁྲོད་བདག་པོའི་རྗེས་གནང༌། རྗེ་བཙུན་རིན་པོ་ཆེ་སོགས་གོང་མ་མང་པོར་མི་ལ་མི་ལབ་པའི་ཚུལ་གྱིས་ཅི་གསུང་ཕྲིན་ལས་སྒྲུབ་པའི་དམ་ཅན་མོན་བུ་པུ་ཏྲའི་ཟུར་བཀའ། ཡང་ཕུར་རྣམ་གཉིས་ཀྱི་སྲུང་མ་དཀར་བདུད་ལྕམ་དྲལ། གུར་གྱི་མགོན་པོ་ལྷ་བརྒྱད་ཐུན་མོང་མ་ཡིན་པ། གུར་ཁྲོ་བཅུ། དབང་ལྷ་དམར་པོ་སྐོར་གསུམ་གྱི་རྗེས་གནང་སོགས་ཡབ་ཆོས་དེ་རྣམས་དང༌། པཎ་ཆེན་དམར་པོ་ནས་བརྒྱུད་དེ་ཞང་པ་ལ་བཀའ་བབས་པའི་དམག་ཟོར་ལྷ་མོ། སྨད་ལུགས་གཡོར་པོ་བ་ནས་བརྒྱུད་བུ་སྟོན་རིན་པོ་ཆེར་བཀའ་བབས་པའི་ངལ་བསོས་པོ་སེར་ཆེན་ལྷ་དགུ། ཁྲོ་དབང་རྡོ་རྗེ་གཞོན་ནུའི་སྨད་ལས་དྲག་པོ་སྒྲོལ་བའི་