R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༦
[A:༤༤༦]རློན་འཐོར་རེ་བ་དང༌། འཁོར་ཚོམས་ལྷོ་འགྲམ་ལ་ཆེ་བ་རྟ་དང་ཆུང་བ་ར་ལུག་གི་རྨིག་རྗེས་འདྲ་མོ་གདན་ནས་ལ་མང་དུ་བྱུང་བ་སོགས་ནི་ཀུན་གྱིས་དགོངས་གསལ་ལྟར་ལགས། དེ་ནས་ཆུ་འབུམ། ཕ་སྒར། གོ་འཇོ་སོགས་ཀྱི་བླ་གཉེར་ཚོང་དཔོན་རྣམས་བཅས་ལ། ཚེ་དཔག་མེད། ཀུན་རིག །གུར་དྲག་རྣམས་ཀྱི་དབང་སྩལ་ཟིན་འཕྲལ། འདི་ཡིན་མེད་ཅིང་དོན་གྱིས་སྟོངས་པའི་ཐུགས་བསུན་འོ་བརྒྱལ་ཅན་ཞིག་གིས་ཐུགས་རྒྱུད་འཁྲུགས་བཞིན་དུ། དྲུག་ཅུ་པའི་ཟོར་འཛིན་སྔོན་འགྲོའི་ལྗགས་བསྙེན་སྐབས་དངོས་ཉམས་ཀྱི་མཚན་ལྟས་དུ་མ་འཁྲུངས་ཚུལ་དང༌། དངོས་གཞི་ཟོར་གྱི་དུས་ཉིན་གཉིས་གསུམ་ལིངྒ་འཕར་ཞིང་ལིངྒའི་སྟེང་ལ་འཇའ་ཚོན་གྱི་མདངས་ཆགས་པ་སོགས་ལྷ་དབྱེར་འབུངས་ཆེ་དགོས་པའི་མཚན་མ་འཁྲུངས་ཤིང༌། དེ་མཚམས་ནས་བོད་དཔོན་སྐུ་མཆེད་དུས་གཟིང་ཇེ་གསལ་གྱིས་ཐམས་ཅད་ཡང་བྱ་ཐབས་ཀྱིས་དབེན་པའི་འཇིགས་ཞུམ་ཟླ་སྦྲེལ་དུ་བྱུང་བ་དང༌། དེ་ནས་དུས་མདོས་གཏོར་སྤོད་སོགས་ཀྱི་ཚོགས་དབུར་འཇམ་མགོན་གཅུང་རིན་པོ་ཆེས་ཕེབས། དེའི་ཚེ་སྟོད་ཕྱོགས་ཀྱི་བྲོས་ཤོར་རྣམས་ལྷགས་དོགས་དང༌། འདར་སྡེ་པ་སྐུ་མཆེད་ལ་སྲོག་སྐྱོབ་མཛད་པ་སོགས་སྒོ་གང་ས་ནས་ཐུགས་འཚེར་བའི་རང་བཞིན་དང༌། དེའི་དུས་བསམ་ཡས་སྐུ་རྟེན་པ་འབྱོར་བའི་ཞལ་ཡ་ཆོས་འབྲེལ་སོགས་འཇམ་མགོན་གཅུང་རིན་པོ་ཆེས་མཛད་ཅིང༌། སྐུ་རྟེན་པས་ལྷ་ཆེན་རྩེའི་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་སྐུ་ལ་སྨོན་ལམ་གྱི་མཚམས་སྦྱོར་བགྱིས་དུས་སྐུ་བརྙན་དེའི་དབུ་མཚམས་ནས་ཟིལ་པ་འཐོན་པ་ཞིག་བྱུང་འདུག་ཅིང༌། མགོ་ཟླའི་བདེ་མཆོག་སྒྲུབ་མཆོད་གྲོལ་འཕྲལ་ཁལ་ཁ་བསྟན་དར་བླ་མར་ཀྱེ་རྡོར་རྒྱུ་དབང་དང་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་བཅུ་