R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༧
[A:༤༤༧]གསུམ་ཉིན་གཉིས་ལ་རྫོགས་པ། ཁྱད་འཕགས་མགོན་ཁང་དུ་ལྷ་བརྒྱད་ཀྱི་རྗེས་གནང༌། དེ་སྐབས་ཐོ་རེངས་སྔ་བ་ནས་བཟུང་སྒྲུབ་མཆོད་ཡན་ལ་རྡོ་རྗེ་གཞོན་ནུའི་བསྙེན་མཚམས་སྔོན་འགྲོའི་སྟོད་ལས་རྡུལ་མཚོན་གྱི་དཀྱིལ་འཁོར་སྒྲུབ་གནང་གིས་དབྱངས་ཉིས་རྫོགས་སུམ་རྫོགས་ཀྱི་གཏོར་བསྔོ་ཡན་ཆད། བདེ་མཆོག་སྒྲུབ་མཆོད་གྲོལ་ནས་ཁལ་ཁར་ཆོས་འཆད་ས་མ་རུབ་ཙམ་གྱི་བར་དེ་ནས་སྔ་འཕྲོས་བསྐང་གསོ་བཅས་སྲོད་ཆེན་ཟིན་ཙམ་ལ་གྲོལ་བར་མཛད་པ་སོགས་སོ་སྐྱེའི་བློ་ཡུལ་ལས་བརྒལ་བ་འཕགས་ཆེན་བྱང་ཆུབ་སེམས་དཔའ་བདག་པས་གཞན་གཅེས་ཀྱི་རྣམ་ཐར་ལྷུར་བཞེས་འདི་འདྲ་ནི་རྗེ་རྡོ་རྗེ་འཆང་དེ་ཉིད་ལ་སྔ་ཕྱི་རྣམ་པ་ཀུན་ཏུ་མང་དུ་མཆིས་ཀྱང་འདིས་མཚོན་པར་བྱའོ། །ཉེར་གསུམ་ཉིན་ཕུར་བསྙེན་ལ་བཞུགས་གདན་འཇགས་རྒྱུའི་སྔ་དྲོ་དཀར་བདུད་ཀྱི་རྗེས་གནང་ཞིག་སྩལ་ཏེ་ལྷ་མཆོག་རྡོ་རྗེ་གཞོན་ནུའི་བསྙེན་མཚམས་ལ་ཐུགས་གཞོལ་བའི་ཚེ་དཀར་བདུད་ཕུར་སྲུང་རྣམས་དགྱེས་པའི་རྣམ་འགྱུར་དུ་མ་དང་བཅས་ཞལ་ཡང་ཡང་བསྟན་པའི་རྐྱེན་གྱིས་བསྟོད་པ་རྒྱས་པ་འདིའང་དེ་དུས་མཛད་ཅིང༌། ཐོ་རེངས་ཀྱི་ཆ་འགའ་ཞིག་ཏུ་སྲུང་མ་དེ་དག་གིས་མཆོད་པ་ཁ་གསོ་བ་དང༌། མཆོད་མེ་སྤོར་བ་དང༌། རྗེ་ཉིད་བཞེང་བར་བསྐུལ་བ་སོགས་བསྟན་སྲུང་མངོན་སུམ་བྲན་དུ་འཁོལ་བའི་ངོ་མཚར་མཛད་པས་དུས་འདའ་བའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། ཟག་མེད་བདེ་ཆེན་མགོན་པོའི་ཏིང་འཛིན་ལས། །བཞེངས་འཕྲལ་སྟོབས་ཀྱིས་མཐོ་བའི་ས་སྤྱོད་མཆོག །ཟབ་མོའི་དཀྱིལ་འཁོར་དབྱིངས་སུ་རྗེས་བཟུང་ནས། །ཡབ་མེས་མཛད་བཟང་དོན་གྱི་སྙིང་པོར་ཞུགས། །བསྟན་འགྲོའི་ཕན་བདེར་འབབ་པའི་ཟེར་འབུམ་གྱིས། །ངོ་མཚར་ལྟས་བཟང་གྲོལ་བའི་ལང་ཚོ་