R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༨
[A:༤༤༨]ཅན། །ལས་བཞིའི་འཛུམ་ཕྲེང་གཡོ་བའི་གཡར་ལམ་དུ། །དར་དིར་སྒྲ་འབྱིན་དཀར་ཕྱོགས་མཐུ་ལྡན་རྣམས། །བར་མེད་དྲུག་ལྡན་དུས་སུ་ཆོས་འཁོར་ཆེ། །གཡེལ་མེད་ཕར་ཕྱིན་བཞི་པ་མཐར་སོན་ནས། །ཡེངས་མེད་ཐོས་བསམ་སྒོམ་པའི་རྣལ་འབྱོར་དུས། །འབྲལ་མེད་བསྟན་སྲུང་བྲན་འཁོལ་བླ་མ་རྗེ། །ཞེས་ཀྱང་སྨྲས་སོ།། ༈ དགུང་གྲངས་ཉེར་གཉིས་སུ་ཕེབས་པ་ལྕགས་རྟ་ལོ་ཕུར་པའི་ལྗགས་བསྙེན་སྐབས་དབོ་ཟླའི་ཚེས་དགུའི་ཐོ་རེངས་འཇམ་མགོན་གནས་གསར་པ་ཆེན་པོ་ཉིད་ཟས་གཙང་སྲས་པོར་དངོས་སུ་གཟིགས་གྲོལ་འཕྲལ་ཆོས་སྡེ་ཉི་ཟླ་ཟུང་གི་དགེ་འདུན་རགས་བསྡུས་རྣམས་ལ་བཀའ་ཆོས་ཀྱི་བང་མཛོད་རྒྱ་ཆེར་འཇོ་བར་མཛད་ནས། ནག་ཟླའི་ནང་འཇམ་དབྱངས་གཟི་འོད་འབར་བའི་ཞབས་མཐིལ་ལ་ལྗགས་བལྡག་མཛད་པའི་མུར་སྐུའི་གཡོན་འཁྲིས་དེ་ན་འཕགས་པ་ཀླུ་སྒྲུབ་དང་ཞི་བ་ལྷའི་སྣམ་སྦྱར་བརྩེགས་པ་ཞིག་གཟིགས་པ་དང༌། འཇམ་མགོན་ཨ་མེས་ཞབས་ཀྱིས་ལན་གསུམ་གྱི་བར་དུ་ཞལ་བསྟན་ཏེ་རྗེས་སུ་བཟུང་བ་ལགས། སྣོན་ཟླར་ཆོས་རྗེ་དཔལ་ལྡན་ཆོས་སྐྱོང་གི་དབོན་པོར་ཚེ་དབང་གྲུབ་རྒྱལ་མ་དང༌། ལྕགས་ཁུ་རིན་གླིང་བླ་མ། ཐུབ་བསྟན་མཁན་ཟུར་བཅས་ལ་ཚེ་རྟ་ཟུང་འབྲེལ་གྱི་དབང་སྩལ་ཞིང༌། ཟླ་མཇུག་ནས་ཆུ་སྟོད་ཚེས་འགོ་བར་ཡང་བསྐྱར་གཞིས་རྩེར་ཆིབས་ཁ་བསྒྱུར་ཐང་གཉིས་པའི་སྐབས་བཀྲ་ཤིས་བདེ་ལེགས་སུ་བཞུགས་སྒར་གྱི་ཚེའང་སྒོ་དུ་མ་ནས་འཇིགས་ཤིང་ཉམ་ང་བ་ཞིག་མཆིས་ནའང༌། བསླུ་མེད་ལས་འབྲས་ཀྱི་རྟེན་འབྲེལ་དང༌། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་རྗེ་ཐུགས་བསྐྱེད་ཕྲིན་ལས་ལས་ཤར་བའི་མཐུན་འགྱུར་གྱི་རོལ་མོ་འཁྲོལ་བ་སོགས་ཀྱི་མཐུ་ལས་ཉེ་ཞོའི་གདོན་བགེགས་ཀྱི་བསམ་སྦྱོར་དམིགས་མེད་ཀྱི་དབྱིངས་སུ་རྒྱས་བཏབ་ནས་རིམ་གྱིས་གདན་ས་ཆེན་པོར་ལེགས་