R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༤
[A:༣༡༤] ཕ་མེད་བུ་ནི་ཤིན་ཏུ་གནོང་པར་འདུག༔ གཡོག་མོར་བུ་འདི་བས་མཐར་བོར་ལས་ཤོག༔ གཡོག་མོས་བྱེ་མའི་ཁུང་དུ་བོར་བ་ལས༔ མིག་འབུར་བཀྲ་བ་ཧྲིག་ཧྲིག་འཇུག་ནས་ནི༔ རྨི་ལམ་ལྟར་བྱས་སྤྲུལ་སྐུར་སྲིད་སྙམ་ནས༔ སླར་བླངས་གསོས་བས་སྤྲུལ་པའི་སྐུ་རུ་བྱོན༔ ལྔ་བརྒྱའི་ནང་ནས་མཁས་པ་ཆེན་པོར་གྱུར༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ རྒྱ་གར་ཆོས་སྐྱོང་དྷརྨ་རཱ་ཛའི་དྲུང་༔ ཡར་ཀླུངས་གཉགས་བན་ཛྙཱ་ན་ཀུ་མཱའ་ར༔ ལོ་ཙྪ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་༔ ཨ་ཙརྻ་རིན་ཆེན་མཆོག་སྟེ་མི་གསུམ་ལ༔ གསེར་ཕྱེ་གླ་བའི་རླིང་བུ་གང་བརྫངས་ནས༔ དངུལ་ལ་གསེར་གྱིས་བྲིས་པའི་ཡི་གེ་ལ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ཁྱོད་ལ་ནི༔ སྐུ་ཡི་བླ་མཆོད་མཁས་པ་པཎྜི་ཏ༔ རིག་གནས་མཐར་ཕྱིན་སྒྲུབ་པར་མངའ་བརྙེས་པ༔ མཆོག་ཏུ་གྱུར་པ་ལྔ་བརྒྱ་བཞུགས་སྐད་པས༔ བདག་ལ་སྐྱེས་ལན་མཁས་པ་པཎྜི་ཏ༔ ལྔ་བརྒྱའི་ནང་ནས་ཀུན་གྱིས་བཀུར་བ་གཅིག༔ བདག་གི་དྲུང་དུ་བོད་དུ་རྫོང་བར་ཞུ༔ ལོ་ཙྪ་གསུམ་གྱིས་རྒྱ་གར་ཡུལ་དུ་ཕྱིན༔ རྒྱལ་པོའི་སྤྱན་སྔར་དངུལ་གྱི་བཀའ་ཤོག་གཏད༔ གསེར་ཕྱེ་ཕུལ་ནས་སྔར་གྱི་ཞུ་བ་བྱས༔ དེ་ནས་ནང་མོ་ཚ་བའི་གྲལ་དུ་ནི༔ རྒྱལ་པོས་བྱོན་ནས་བླ་མཆོད་ལྔ་བརྒྱ་ལ༔ དབུས་སུ་གསེར་གྱི་མཎྜལ་ཕུལ་ནས་ནི༔ བདག་ལ་བོད་ཀྱི་རྒྱལ་པོ་ཆེན་པོ་ཡིས༔ གསེར་ཕྱེ་གླ་བའི་རླིང་བུ་གང་ཕུལ་ནས༔ གསེར་གྱིས་སྐྱེས་ལན་མཁས་པ་པཎྜི་ཏ༔ བོད་དུ་རྒྱལ་པོའི་སྤྱན་སྔར་རྫོངས་ཤིག་གསུངས༔ ཁྱེད་རྣམས་ནང་ནས་ཆེ་ཞིང་མཁས་པ་གཅིག༔ བོད་ཀྱི་རྒྱལ་པོའི་སྤྱན་སྔར་གཤེགས་པར་ཞུ༔ དེ་སྐད་རྒྱལ་པོས་བཀའ་གསལ་གསུངས་པ་དང་༔ དབུས་ན་བི་མ་མི་ཏྲ་བཞུགས་པ་ལ༔ ཡར་གྱི་གྲལ་རིམ་མར་གྱི་གྲལ་རིམ་རྣམས༔ དབུས་ཀྱི་པཎ་ཆེན་བི་མ་མི་ཏྲ་ལ༔ ཞལ་ནས་མི་གསུངས་སྤྱན་ནི་རུབ་ཀྱིས་