R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༣
[A:༣༡༣]ཡཀྵ་ཆེན་པོ་གང་གིས། མཁས་གྲུབ་བགྲང་བ་ལས་འདས་པའི་སྤྲུལ་པ་ཚར་དུ་དངར་བའི་འཁྲུངས་རབས་ཀྱི་ལུང་བསྟན་སྩལ་བ་ཇི་བཞིན། དུས་འདིར། སྔགས་འཆང་བདུད་ཀྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས། རྗེ་བཙུན་ས་སྐྱ་པའི་བསྟན་པའི་མེ་རོ་རྨད་ནས་གསོ་བར་མཛད་པའི་སྐྱེས་ཆེན་དམ་པ་དེ་ཉིད་ཀྱི་ཐུགས་སྲས་རྒྱལ་ཚབ་ཆེན་པོ། །སྔགས་འཆང་གྲགས་པའི་མཚན་ཅན་དེ་ཉིད་དང༌། ཡུམ་ཡེ་ཤེས་ཀྱི་ཌཱ་ཀི་མ་བསོད་ནམས་རྒྱལ་མོའི་སྲས་སུ། རྣམ་འདྲེན་བུ་རམ་ཤིང་པས་མུ་སྟེགས་ཀྱི་སྟོན་པ་དྲུག་སོགས་ཕམ་པར་མཛད་པའི་ཆོ་འཕྲུལ་གྱི་ཟླ་བའི་ཚེས་བཅུ་བཞིའི་ཉིན། དཔལ་ས་སྐྱའི་བླ་བྲང་ཕུན་ཚོགས་གླིང་དུ་འཁྲུངས་པ་ནས་བཟུང༌། ངོ་མཚར་མཛད་པའི་ལེགས་ཆ་རྣམས། དེ་ཉིད་ཀྱི་རྣམ་པར་ཐར་པ་ལས་ཇི་ལྟར་འབྱུང་བ་ལྟར་གྱི་འཁྲུལ་ཟད་སྐྱེས་ཆེན་དམ་པ་དེས། དག་སྣང་འོད་གསལ་གྱི་དབྱིངས་ནས་ལྐོག་གྱུར་རྗེན་པར་གསལ་བའི་བཀའ་ལུང་དེ་ཉིད་དང༌། ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི། སྤྲུལ་པའི་གཏེར་སྟོན་ཆེན་པོ་ཟུང་ནི། རང་སྣང་ཀློང་དུ་གྱུར་པས་གཞན་སྣང་ཟིལ་གྱིས་གནོན་ཅིང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་གསང་ལུང་ཐུགས་ཀྱི་རྒྱ་མཚོར་སིམ་པས། དྲི་མ་མེད་པའི་ལུང་བསྟན་དུ་གོར་མ་ཆགས་པས་ན། ཐོག་མར་སློབ་དཔོན་ཆེན་པོ་རྫོགས་ཆེན་བསྟན་པའི་མངའ་བདག་བི་མ་ལ་མི་ཏྲའི་རྣམ་པར་ཐར་པ་ཅུང་ཟད་བཤད་ན། རྒྱལ་པོ་བཀའི་ཐང་ཡིག་ལས། རྒྱ་གར་རྒྱལ་པོ་དྷརྨ་རཱ་ཛ་ཡི༔ སྲས་མོ་ལྷ་ལྕམ་རིན་ཆེན་གསལ་ཞེས་ལ༔ རྨི་ལམ་བྱ་ཁྲ་གཡུ་ཡི་གཤོག་པ་ཅན༔ ལུས་ལས་འོད་ཟེར་སྣ་ལྔ་འཕྲོ་བ་ཡིས༔ དངུལ་བུམ་བདུད་རྩིས་གང་བ་སྤྱི་བོར་བཞག༔ བདུད་རྩི་བླུད་པས་བདེ་བས་གང་བར་རྨིས༔ ཟླ་བ་བཅུ་ནས་ཁྱེའུ་བཙས་པ་ན༔ བདག་ཉིད་སྐྱེས་པ་སྤངས་པའི་བུད་མེད་ལ༔