R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༥
[A:༣༡༥]གཟིགས༔ དོན་ལ་སོང་ཞིག་བརྡ་ཡིས་བསྐུལ་བ་ལས༔ བི་མ་མི་ཏྲས་བརྡ་ཐིམ་ལན་གསུམ་གསུངས༔ གདན་འདྲེན་གསུམ་གྱིས་བརྡ་ཡི་སྐད་གཅིག་ལ༔ གོ་ལུགས་མ་གཅིག་བརྡ་སྐད་གསུམ་དུ་གོ༔ གྲུ་བོ་དག་ལ་བརྟེན་པའི་མི༔ སྐྱེས་བུས་སྐྱ་བས་རྩོལ་ཕོད་ན༔ གྲུས་ཀྱང་ཕ་རོལ་ཕྱིན་པར་འགྱུར༔ གཅིག་གིས་དེ་ལྟར་གོ་བའི་དུས༔ གཅིག་གིས་གོ་ལུགས་འདི་ལྟ་སྟེ༔ གཞུ་མོ་དག་ལ་བརྟེན་པའི་མདའ༔ སྐྱེ་བུས་མཐེབ་མཛུབ་རྩོལ་ཕོད་ན༔ མདས་ཀྱང་འབེན་ངོར་ཕྱིན་པར་འགྱུར༔ གཅིག་གིས་འདི་ལྟ་གོ་བ་ལ༔ རིག་པ་དག་ལ་བརྟེན་པའི་མི༔ སྐྱེས་བུས་འདུ་ཤེས་བསྐྱོད་ཕོད་ན༔ ལུས་ཀྱི་བུམ་པ་གང་འདྲིལ་བ༔ སེམས་ཀྱི་ཆུ་བོ་དེ་རུ་འཕོ༔ བོད་དུ་འབྱོན་པར་ཞལ་གྱིས་བཞེས༔ གདན་འདྲེན་གསུམ་གྱིས་གདན་འདྲོངས་ཏེ༔ བསམ་ཡས་མཐིལ་དུ་ཕྱག་ཕེབས་ནས༔ རྒྱལ་བློན་འཁོར་དང་བཅས་པ་ཡིས༔ འདོད་ཡོན་ལྔ་ཡིས་མཉེས་པར་མཛད༔ དགེ་བའི་བཤེས་གཉེན་པཎྜི་ཏ༔ ལྔ་བརྒྱས་དབང་བསྐུར་ཐོབ་པའོ༔ ཞེས་གསུངས་པ་ལྟར། པཎྜི་ཏ་ལྔ་བརྒྱའི་ནང་གི་མཆོག་ཏུ་གྱུར་པ་དྲི་མེད་བཤེས་གཉེན་ཆེན་པོ་དེ་ཉིད་ཀྱི་སྐུ་ཆེ་བའི་ལོ་རྒྱུས་དང༌།། །། ༈ དེ་ནས་གྲུབ་པ་མཆོག་གི་སར་ཞུགས་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་གྲགས་པ་དེ་ཉིད་ནི། སྔོན་བསྐལ་པ་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པའི་སྔ་རོལ་ན། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་དྲུང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། སེམས་ཅན་ཐམས་ཅད་འཁོར་བའི་འདམ་ནས་འདོན་པར་སྨོན་ལམ་བཏབ་ནས། འགྲོ་བ་དཔག་ཏུ་མེད་པ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། ཕོ་བྲང་རི་བོ་པོ་ཊ་ལའི་རྩེར་བྱོན་ནས། ད་ནི་སེམས་ཅན་ཅིག་ཀྱང་མེད་དོ་