R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༣
[A:༤༥༣]ལ་འཇམ་དབྱངས་དམར་སེར་དང་སྒྲོལ་དམར་རྗེས་གནང་ཡིག་ལུང་བཅས་དང༌། རྣལ་འབྱོར་དབང་ཕྱུག་ས་སྐྱ་པ་ཆེན་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་སྩལ་བའི་ཞེན་པ་བཞི་བྲལ་གྱི་འཁྲིད་ཡིག་རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། ནུབ་པ་རིག་འཛིན་གྲགས་རྣམས་ཀྱིས་མཛད་པ་དང༌། རྗེ་ཉིད་ཀྱིས་འཇམ་མགོན་སངས་རྒྱས་ཡེ་ཤེས་ཀྱི་སྐུ་བསྟོད་དང་བརྟན་བཞུགས་ལེ་ཚན་གྱི་ལྗགས་ལུང་ཁྲོམ་དབང་བཅས་དང༌། ཀླུ་སྡིངས་སུ་ཞབས་དྲུང་ཁུ་དབོན། ཁང་སར་ཐར་རྩེའི་དབོན། ཀླུ་སྡིངས་བན་ཚང༌། བླ་བྲང་ཁག་གི་ཞབས་ཕྱི་རྣམས་བཅས་ལ་མི་གཡོ་བ་དཀར་པོའི་རྗེས་གནང་ལུང་བཅས་དང༌། ཐར་རྩེ་རྗེ་ནམ་མཁའི་མཚན་ཅན་ཁུ་དབོན། ཀླུ་སྡིངས་ཁུ་དཔོན། ཁང་གསར་དབོན། རྗེ་སངས་རྒྱས་ཡེ་ཤེས་ཀྱི་དབོན་སྐུ་མཆེད་སོགས་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཚར་གཉིས། ལམ་ཟབ་ཕྱི་མ། དུར་བདག་རྗེས་གནང་བཅས་སྩལ་ཞིང་དེ་སྐབས་ཐར་རྩེ་རྡོ་རྗེ་འཆང་ནས་སྔོན་དུ་གཅེན་ལུང་ལ་ཕེབས་སྐབས་ཤིག་ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན་གྱི་ཡབ་གཞིས་མཁས་སྔ་ལྷོ་པ་ཟེར་བ་ཞིག་གི་ནང་དུ་བཞུགས་དུས་རྗེ་དེའི་ཕྱག་རོལ་གུར་མགོན་འདི་ཉིད་གཟིགས་པས། དེ་དུས་ཐར་རྩེ་རྗེས་ཕྱག་རོལ་དེ་གདན་སར་ཕྱག་འབྱོར་ཡོང་བའི་ཕྲིན་འཆོལ་མཛད་པ་དུས་སུ་སྨིན་ཏེ། མཁས་སྔ་ལྷོ་པས་ཐར་རྩེར་ཁྱེར་ཏེ་འདི་སྤུས་འགྱུར་མཛད་དགོས་ཞུས་པ་བཞིན། ཐར་རྩེ་རྡོ་རྗེ་འཆང་དགེས་པའི་གསུང་གིས་གང་གི་ལོ་རྒྱུས་དང་བཅས་རྗེ་རྡོ་རྗེ་འཆང་ཉིད་ལ་ཕུལ་པ་ད་ལྟའང་དཔལ་ས་སྐྱའི་ཕྱག་རོལ་དྲག་གྲས་གུར་མགོན་ལྷ་དགར་གྲགས་པ་འདི་ལགས། གཞན་ཡང་རྗེ་དེ་ཉིད་ཀྱི་ཕྱག་བབས་སྒྲ་དབྱངས། སྙན་གྲགས་སོགས་རོལ་ཆ་མང་དག་མཆིས་སོ། །དེའི་ཚེ་བླ་བྲང་སོ་སོ་ནས་ལེགས་འབུལ་དང༌། སྤྱི་བྱེའི་བློ་ཁམས་དང་འཚམས་པའི་