R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༤
[A:༤༥༤]མཛད་པ་རྣམས་གྲུབ་རྗེས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་གདོང་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་འཕར་གཅིག་ཏུ་ཕྱེ་ཏེ། འཕགས་ཆེན་གོང་མའི་སྤྱོད་ཚུལ་མཐའ་དག་བདག་གིར་བཞེས་པ་བླ་མ་ཞི་བ་ལྷ་ཉིད་ཐུགས་བསྐྱེད་ཀུན་བཟང་སྨོན་ལམ་ཅན་གྱིས་ཉེ་བར་དྲངས་ཏེ། དངོས་འབུལ་གྱི་བདོག་པ་གྱ་ནོམ་པ་དང་བཅས་ཞབས་པད་ག་ལ་བར་བསྙེགས་པའི་དགེ་མཚན་གསེར་ཞལ་ལ་ལོངས་སྤྱོད་པའི་སྐབས་ཐུགས་བཞེད་ཀྱི་ཆོས་སྒོ་དབྱེ་བར་མཛད་པ་ལ། གཟའ་སྐར་ཤིས་པར་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་རྙིང་མ་རྡོ་རྗེ་གཞོན་ནུ་ལྷ་ལྔ་བཅུ་རྩ་གཅིག་གི་རྡུལ་དཀྱིལ་དུ་སྨིན་བྱེད་ཀྱི་དབང༌། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་སུ་གནང་བ། རྒྱབ་བརྟེན་ལུང་ལ། ཕུར་པ་རྩ་དུམ་ས་སྐྱ་པཎྜི་ཏས་ཤངས་སྲེག་ཤིང་དུ་བསྒྱུར་བ། དཀྱིལ་ཆོག་རྡོ་རྗེ་ལས་རིམ་རྩ་འགྲེལ། འགྲེལ་བ་འབུམ་ནག །ས་སྐྱ་པ་ཆེན་པོས་ཕུར་པའི་མངོན་རྟོགས་དང་ལས་བྱང༌། རྗེ་བཙུན་རིན་པོ་ཆེའི་སྒྲུབ་ཐབས་དང་ཐོ་ཡིག །བླ་མ་དམ་པའི་སྒྲུབ་ཐབས་རྒྱས་བསྡུས། དཀྱིལ་ཆོག་རྟོགས་པར་སླ་བ་རྣམས་དང༌། ས་ལོཙྪ་བའི་བརྒྱུད་འདེབས་དངོས་གྲུབ་རྒྱ་མཚོ། བསྙེན་སྒྲུབ་གསལ་བྱེད་བདུད་རྩིའི་འོད་ཅན་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོས་མཆན་མཛད། གཏོར་བཟློག་གནམ་ལྕགས་རྡོ་རྗེའི་མེ་དབལ། འཁོར་ལོ་རྩིབས་བཅུ་དང་ལྟས་ངན་བརྒྱད་ཅུའི་བཟློག་པ། བདག་ཤྭ་ས་གསུམ་གྱི་བསྐུལ། ཨ་མེས་ཞབས་ཀྱི་དཀྱིལ་ཆོག་དང༌། ཞི་བའི་སྦྱིན་སྲེག །བདག་ཆེན་རྒྱ་གར་བའི་དཀར་བདུད་བསྐང་བ་རྒྱས་པ། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་བསྡུས་པ། ཨ་མེས་ཞབས་ཀྱི་ཤིན་ཏུ་བསྡུས་པ་རྣམས་དང༌། དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་ལུང་བཅས། རྗེ་རྡོ་རྗེ་འཆང་ཉིད་ཀྱི་གསུང་རྩོམ་སྐོར་ལ། ལས་བཞིའི་སྦྱིན་སྲེག་