R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༢
[A:༤༥༢]པ་རྒྱ་ཆེ་མུ་མེད་དུ་མཛད་ནས་ཟླ་མཇུག་དུས་གཏོར་དང༌། ཚེས་གཅིག་ལ་གྱེ་རེ་མདོ་མཆོད་གཞིས་ཁར་གཏོར་སྤོད་རྫོང་རི་གནས་གཟིགས་སོགས་དང༌། བཞིའི་སྔ་དྲོ་ངོར་འབུལ་སྡུད་བླ་རྙིང་སོགས་ལ་མཁའ་སྤྱོད་མའི་བྱིན་རླབས་དང༌། ལྕང་ཅན་མགོན་ཁང་ཉམས་གསོ་གསར་བསྐྲུན་ལྟར་དུ་མཛད། དྲུག་ལ་བདུད་འདུལ་མགོན་ཁང་གཏོར་སྤོད་དང་ཆབས་གཅིག་ཞལ་བཞི་ཡུམ་ཆེན་སྲིང་མོ་བཞི་དང་བཅས་དངོས་སུ་བཞུགས་པའི་སྤྲུལ་པའི་གཡག་རྭ་ལྔ་སོགས་མགོན་ཁང་སྟེང་དུ་གདན་འདྲེན་གྱིས་མཚན་ཡང་བསིལ་ཚལ་མགོན་ཁང་དུ་མངའ་གསོལ་ཞིང་དེ་དང་ལྷུན་རྩེའི་གཏོར་སྤོད་སོགས་གྲོལ་ནས། རང་ཕྱོགས་བུ་ཆེན་པ་དང་བསྙེན་གནས་མ་ཆོས་སྡེ་བ་བཅས་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་དང་རྒྱལ་སྲས་ཆོས་རྫོང་པས་མཛད་པའི་སྨྱུང་གནས་པོ་བསྟོད་ཀྱི་ལྗགས་ལུང༌། དེ་ནས་རིམ་བཞིན་རིན་སྒང་གཏོར་སྤོད། ཁྲོམ་དབང༌། མཁའ་སྤྱོད་མའི་བྱིན་རླབས། རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ཆེན་མོ། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་རྣམ་ཐར། རྗེ་ཉིད་ཀྱི་ལྗགས་རྩོམ་གདུང་རབས་ཞལ་སྐོང་ཉུང་ངུུ༌། སྨན་བླ་མཆེད་བདུན། རྣམ་འཇོམས། སྨེ་བརྩེགས། སེར་ཆེན་ལྷ་དགུ། ལྕགས་སྡོང་ལྷ་མང་སོགས་དབང་ལུང་རྗེས་གནང་སོ་སོའི་བློ་ཁ་རྫོགས་པ་དང༌། གཞན་ཡང་མི་གྲངས་དང་བསྟུན་པའི་ལམ་དབང༌། བྲན་བདུད་རྗེས་གནང་བཅས་དང༌། རྡོ་རྗེ་ལས་རིམ་རྩ་འགྲེལ་འགྲེལ་ཆེན་འབུམ་ནག །ཕུར་པའི་དཀྱིལ་ཆོག །ཕུར་བཟློག །གུར་དྲག །དེའི་བརྒྱུད་འདེབས། ལས་མཐའ་གསལ་བྱེད། དཀར་ཆ་བཞི། སློབ་དཔོན་པདྨའི་བླ་མའི་རྣམ་འབྱོར། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཞལ་སྒོ་ལས་བྱོན་པའི་ཕུར་པའི་ལས་བཞིའི་སྦྱིན་སྲེག །དམོད་བསྐུལ། དཀར་བདུད་བསྟོད་པ་རྣམས་ཀྱི་ལྗགས་ལུང་དང༌། དྲག་པོ་སྒྲོལ་དབང་སོགས་ཏེ་དེ་ཙམ་གྱིས་ཞིང་དེའི་གདུལ་བྱ་རྣམས་སྨིན་གྲོལ་ལམ་བཟང་གི་དཔལ་ལ་རེ་ཞིག་འཁོད་ཟིན་ནས་གསེར་ཅན་དུ་ཕེབས་ཏེ་མ་གཅིག་གྲུབ་པའི་རྒྱལ་མོ་ལུགས་ཀྱི་ཚེ་དབང་དང༌། དེ་ནས་རིམ་ཕེབས་ཀྱིས་ངོར་ཨེ་ཝཾ་ཆོས་ལྡན་འདུས་ཚོགས་