R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༨
[A:༤༥༨]པ་དང་ཚོགས་བདག་གི་འགབ་འདྲེ་བསེ་གདོང་ཅན་ཡང་གནོན་པར་མཛད། ནག་ཟླའི་ནང་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་བྲག་རྫོང་མའི་ལས་ཚོགས་ཤྭ་བཟློག་རྒྱ་ཆེན་སྒྲུབ་པར་མཛད་ནས། ས་གར་ཐར་རྩེ་རྗེའི་སྐུ་རིམ་དུ་དྲུག་ཅུ་པ་ཞིག་གནང་སྐབས། གནས་གསར་རྡོ་རྗེ་འཆང་ཡང་ས་སྐྱར་བྱོན་ཞིང༌། ལྷ་རྩེ་ཆོས་སྡེའི་གྲྭ་པ་བྲག་རྩ་བ་ཆེན་པོའི་ཞལ་སློབ་ཅིག་སོགས་འགའ་ཞིག་ལ་མཁའ་སྤྱོད་མའི་བྱིན་རླབས། ཨ་ར་པ་ཙ་ན། མི་གཡོ་བ་དཀར་པོ། ཞལ་བསྙེན་དུས་ཀྱི་རྗེས་གནང་རྣམས་ལེགས་པར་སྩལ། དེ་མཚམས་ནས་འཕགས་ཆེན་བློ་གྲོས་རྒྱལ་མཚན་སོགས་གོང་མ་མང་པོའི་བཞུགས་གནས་ཚོམས་དམར་སྟེང་འོག །དངོས་གྲུབ་གླིང་སོགས་ལ་ཉམས་གསོ་གསར་བསྐྲུན་ལྟ་བུ་དང༌། ཁྱད་པར་དངོས་གྲུབ་གླིང་གི་སྔོན་དུས་ཀྱི་འབུར་སྐུ་རྣམས་གཟུངས་གཞུག་ཏུ་མཛད་དེ་དཀར་བདུད་ལྕམ་དྲལ་གྱི་སྣང་བརྙན་བྱིན་རླབས་ཀྱི་གཟི་བརྒྱ་འབར་བ་འདི་དག་གསར་བསྐྲུན་མཛད་སྐབས་དང༌། དེའི་ཚེ་རྗེ་ཉིད་ཀྱིས་གནས་གསར་རྡོ་རྗེ་འཆང་ཆེན་པོར་སྒེར་པའི་སྲས་མོ་གང་གི་གཅུང་དམ་པའི་ལྕམ་དུ་འོས་ཚུལ་མཛད་པ་བཞིན་མཛོད་འཛིན་སོགས་ཚང་མ་བཀའ་གྲོས་མཐུན་པར་ཐག་ཆོད། ཆུ་སྟོད་ཟླ་ནང་འཇམ་མགོན་གནས་གསར་བ། མུས་ཆེན་བསོད་ནམས་དཔལ་བཟང་སོགས་ལ་བསོད་ནམས་དབང་པོ། གྲགས་པ་བློ་གྲོས། ཨ་མེས་ཞབས། བསོད་ནམས་དབང་ཕྱུག །མང་གའི་མཚན་ཅན་རྣམས་ཀྱི་རྣམ་ཐར་ལྗགས་ལུང་དང༌། གྲོ་བཞིན་ཕུར་སྒྲུབ་ཐོག་ཕུར་དབང་ཚར་གཉིས། ཁྲུམས་ཟླར་སྙེ་ཐང་བྲག་སྣ་འཕགས་སྡེའི་གྲྭ་བརྒྱད་ཀྱིས་ཐོག་དྲངས་ཆོས་སྡེ་བྱང་པ་འགའ་ཞིག་སོགས་ལ་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་སྨིན་བྱེད་ཀྱི་དབང་ཚར་གཉིས། དེའི་ཉེར་གཅིག་ནས་ཆོས་སྡེ་ལྷོ་བྱང་རག་ཅོ་བླ་མ་སོགས་ལ་གསང་