R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༩
[A:༤༥༩]འདུས་མི་བསྐྱོད་པའི་དབང་དང༌། དབྱུག་ཟླའི་ནང་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་ཚོམས་དམར་དང་དངོས་གྲུབ་གླིང་ལ་ཐོག་མར་རབ་གནས་འབྲིང་པོ་དང༌། དེ་ནས་རྡོ་རྗེ་ཕུར་པའི་སྒོ་ནས་རྒྱས་པར་སྩལ་གོང་དུ་རྗེ་བཙུན་དྲུང་སྐུ་ཁམས་ཉོག་མུ་ཡིན་གཤིས་སྐུ་མདུན་དུ་ཡང་ཡང་ཕེབས་ཏེ་གང་ཅི་ཞུ་འོས་རྣམས་དང་སླད་ཀྱི་འཆར་གཞི་ཚང་མ་ཞིབ་གླེང་མཛད། དེ་ནས་ཐར་རྩེ་རྡོ་རྗེ་འཆང་གི་བཀའ་བཞིན་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་གུ་རུ་དྲག་དམར་གྱི་ལྗགས་བསྙེན་བདུན་ཕྲག་གནང་སྐབས་ཀྱི་ཉེར་དགུར་ཨ་ཎི་དྲུང་དགོངས་པ་ཆོས་དབྱིངས་སུ་མནལ་བས་ཞབས་རྗེས་ཀྱི་བཀའ་འདོམས་རྣམས་ཚར་ཕྱིན་པར་སྩལ་ཏེ་གུར་དྲག་གི་སྦྱིན་སྲེག་དང༌། སྨིན་ཟླའི་ཚེས་འགོར་བདག་མོ་བསུ་བའི་སྔོན་འགྲོ་ཕྲིན་འཚོལ་སྐབས་སྐྱེད་ལྷས་སུ་རྟག་གཏོར་འཛུགས་གནང་གིས་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་ཆད་མེད་མྱུར་དུ་འབྱོན་པའི་ཆེད་དུ་ཞག་ཤས་ཕྲིན་འཆོལ་ལ་གཞོལ་མུར་ཐོ་རེངས་ཤིག་རྗེ་ཉིད་ཀྱི་ཞབས་བསྐྱོད་ཁུང་ལ་ཤོར་བའི་རྐྱེན་གྱིས་ཞབས་ལྷམ་ཡུུ་བ་སྒྲོག་བཅས་གཡམ་རྣོན་གྱིས་ཐལ་བུབས་ཏེ། ཞབས་པུས་གཡས་ཀྱི་འོག་ཙམ་དུ་སྐུ་རུས་མཐོང་ཚོད་ཀྱི་རྨ་བྱུང་ཡང་ཞག་ཤས་ནས་རང་བསྐམ་ལ་སོང་བ་ནི་ངོ་མཚར་གྱི་མཛད་པ་འཕྱང་མོ་ཉུག་དང་བྲལ་བའོ། །དེ་དུས་འོད་གསལ་དུ་སླར་འབྱུང་གི་མཚན་མ་འདི་ལྟར་འཁྲུངས་ཏེ། མགོན་ཁང་དེ་སྔར་ལས་རྒྱ་ཆེ་ཞིང་བླ་བྲེ་ཡོལ་བ་སོགས་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པའི་ནང་ཁའུ་པའི་སྐུ་འདི་ན་བཟའ་དར་ཚོན་གཟབས་མ་བཅས་བཞུགས་ཁྱིམ་ནས་ཕྱིར་ཅུང་ཟད་འཐོན་པའི་ཞལ་འཛུམ་གསུང་འབྱོན་ལ་ཁད་ཡོད་པའི་དྲུང༌། བུད་མེད་རྒན་མོ་ཞིག་གིས་ལྕགས་ཕུར་གསེར་ཚགས་མ་དར་ཚོན་གྱིས་བརྒྱན་པ་ཞིག་རྗེ་ཉིད་ལ་ཕྱག་འཚལ་སྔོན་འགྲོའི་སྒོ་ནས་ཕུལ་བའི་མུར་ཀ་གདོང་གི་གཏོར་སྒམ་དེ་ཞལ་བྱང་ལ་བསྟན་ནས་གཏོར་མ་བཞེང་རྒྱུ་ཡིན་དགོངས་པ་ཞིག་དང༌། ཡང་