R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༧
[A:༤༥༧] སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང༌། ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་དང༌། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས། རྙེད་དཀའ་དོན་ལྡན་དལ་འབྱོར་ཐོབ་དུས་འདིར། །ཚེ་འདིའི་ཕུན་ཚོགས་སྒྲུབ་ལ་མ་ཆགས་པར། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །དམ་ཆོས་སྙིང་ནས་སྒྲུབ་པར་བྱིན་གྱིས་རློབས། །ཞེས་སོགས་ཀྱི་དོན་བཞིན་ལེགས་པར་གདམས་ཏེ་བསྟན་མཁས་ཀྱི་བགྱི་བ་ལ་དུས་རྟག་ཏུ་གཞོལ་བའི་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་བོ། །དེ་དག་གི་དོན་བསྡུ་ན། འཆི་མེད་བདེ་འབྱུང་ཐོད་ཡངས་ནམ་མཁའི་ཀློང༌། །བསམ་འགྲུབ་བདུད་རྩིར་འཛག་པ་ངེས་དོན་གྱི། །ཟླ་གཞོན་ཉིད་ཐུགས་ཆུ་གཏེར་འཕེལ་བའི་སླད། །བླ་མ་ཡི་དམ་དབྱེར་མེད་ངང་དུ་འཁྲུངས། །དབང་ཕྱོགས་དམ་པའི་གདན་ས་ཀུན་དའི་ཚལ། །རྒྱལ་སྲས་སྤྱོད་པ་བདུད་རྩིའི་ཟེར་ཕྲེང་གིས། །སྣོད་བཅུད་ལྷ་མིའི་སྡེ་བཅས་རྒྱས་པའི་བཞིན། །དཀར་འཛུམ་མཆོད་སྡོང་རྒྱུན་དེ་ད་དུང་གསལ། །ཀུན་ཏུ་དོན་ཡོད་ཆོས་ཀྱི་འཁོར་ལོ་ནི། །བར་མེད་བསྐོར་ལ་སྒྲུན་ཟླའི་དཔེས་སྐྱངས་ཏེ། །ད་གཟོད་དམ་པའི་མགོན་པོ་ཉིན་སྐར་ཙམ། །ཀྱེ་མ་མ་ཧཱ་གུ་རུ་སླར་བཞེངས་ཤིག །ཅེས་ཀྱང་སྨྲས་སོ།། ༈ དགུང་གྲངས་ཉེར་བཞི་པ་ཆུ་སྤྲེའུ་གསར་ཕྲལ་བཞུགས་ཐབ་ལྷོར་སྦོ་གནང་དང༌། དེ་ལོ་མུས་ཆེན་བསོད་ནམས་དཔལ་བཟང་དང་ཞལ་དཀར་ངག་དབང་ལགས་ལ་བཀའ་འདོམས་བཞིན་གུར་གྱི་མགོན་པོའི་ལས་སྦྱོར་ཐུན་མོང་མ་ཡིན་