[A:༤༦༠]སྐབས་ཤིག་གསེར་གྱི་རྡོ་རྗེ་གཉིས་ཕྱག་ཏུ་འབུལ་མཁན་ཞིག་འཁྲུངས་པ་རྣམས་ཀྱི་འབྲས་བུ་མངོན་གྱུར་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་བཞིན་དང༌། སྨིན་ཟླའི་བཅུ་གསུམ་ལ་བདག་མོ་ཕེབས་པའི་སྟོན་མོ་གཞས་སོགས་གཟབས་འཆོར་དང༌། ཁྱད་པར་གོང་ས་རིན་པོ་ཆེས་གཟིམ་འགག་འདོད་འཇོ་སྐུ་ཚབ་ཏུ་ཆེད་མངགས་ཀྱིས་ལེགས་གསོལ་ཚད་མེད་སྩལ་བ་སོགས་གཞིས་བྱེས་མཐའ་དག་ནས་རྟེན་འབྲེལ་གྱི་སྒོ་བརྒྱ་ཕྱེ་བར་མཛད་སྐབས་ཅུང་ཟད་འཚུབ་ཉམས་ཀྱི་རྟགས་འགའ་ཞིག་ཀྱང་བྱུང་ཞིང༌། དེ་ནས་གཞུང་ཞབས་མཆོག་ནས་ཞོལ་ཁང་ཆོས་མཛད་ཆེད་མངགས་ཀྱིས་ཞག་ཤས་གསུང་བསྐང་ཉིན་གང་མཚོམས་ཆེན་དུ་མཛད་པའི་དབུ་དང༌། མདོས་ཆུང་མདོས་ཆེན་སོགས་གང་གི་བཀའ་ཡིས་འཇམ་མགོན་གཅུང་དམ་པར་ལེགས་པར་འདོམས་སོ། །དེ་དག་གི་དོན་བསྡུ་ན། སྣོད་བཅུད་ཕུན་ཚོགས་གླིང་དུ་མི་མཐུན་གེགས། །མཐར་དབྱུང་ནག་པོ་ཆེན་པོའི་ངོ་བོར་བཞེངས། །སླར་ཡང་གདུག་ཅན་འགོང་པོའི་ཁ་གནོན་ཆེ། །དྲག་པོ་དམར་ཆེན་སྲེག་བླུགས་བཅས་ལ་གཞོལ། །དེ་ཚེ་དཔལ་མགུར་གྲོལ་བའི་གཟིགས་མོ་རུ། །རིགས་བདག་ཉིད་ཀྱང་ལྷགས་ཤིང་བདུད་རྩི་གསོལ། །འཕགས་ཆེན་བསྟི་བའི་ཕོ་བྲང་རྟེན་བརྟེན་པ། །གསར་བསྐྲུན་བྱིན་རླབས་མེ་ཆར་དབྱིངས་ནས་གཡོས། །ཆོས་དབྱིངས་མནལ་མའི་དགོངས་ཟབ་འགེངས་པ་དང༌། །མེ་འབར་གནས་སུ་གྲུབ་མཚན་གསལ་བར་བསྟན། །འབྱུང་འགྱུར་རེ་བའི་རྟེན་འབྲེལ་འཇུག་སྒོ་བརྒྱ། །ཅི་ཡང་ཚར་དུ་དངར་བ་ཐུགས་མཚོར་བསྐྱིལ། །ཞེས་ཀྱང་སྨྲས་སོ།། ༈ དགུང་གྲངས་ཉེར་ལྔར་ཕེབས་པ་ཆུ་བྱ་རྟ་ཟླའི་ཚེས་གཅིག་ལ་རླུང་ཆེན་ཚད་མེད་བྱུང་བ་བལ་ཡུལ་ནས་གཞན་ལ་མེ་འཇུག་བྱས་པར་གླེང་ཞིང༌། དེ་ནས་མང་མཁར་གནས་གསར་བས་འཆམས་གཟིགས་འབུལ་དང༌། ཚེས་དྲུག་ནས་བཟུང་ཡོངས་རྫོགས་