R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༦༢
[A:༤༦༢]བཀས་མངགས་ཏེ་རྗེ་དེ་ཉིད་གཟིམ་ཕུག་གི་མདར་བཞུགས་པས་ནམ་ཕྱེད་ཙམ་ནས་མནལ་བདེ་མོར་ཁུགས་པའི་གནས་ཚུལ་སྙན་དུ་སོན། སང་ཉིན་ནམ་ལངས་འཕྲལ་སྐུ་འཁྲིས་སུ་ཕེབས་པས་ཞལ་འདོན་གནང་ཐུབ་ཙམ་འདུག་པས་ཐུགས་བདེ། །དེ་ཉིན་འཇམ་མགོན་གནས་གསར་བ་ནས་ཚེ་དབང་སོགས་སྩལ་བ་ནས་རིམ་དྭངས་ཀྱིས་ཕུར་སྒྲུབ་སོགས་ལ་ཕེབས། དེའི་ཚེ་ཐར་རྩེ་དང་གནས་གསར་རྗེ་གཉིས་ཆར་ནས་བདག་མོར་རྟེན་འབྱུང་དངོས་པོའི་གནང་ཆ་དང་ལེགས་སློབ་ཞལ་ཏ་སྩོལ་བར་བཙུན་མོར་སྐུ་དངོས་ཕེབས། སྟོན་འགོར་ཐར་རྩེ་རྡོ་རྗེ་འཆང་ངོར་དུ་ཕེབས་གོང་གསུང་ལས། རྗེ་རྡོ་རྗེ་འཆང་དེ་ཉིད་མཁྱེན་རབ་ལ་ས་སྐྱ་པཎ་ཆེན་དང༌། མངའ་ཐང་ཕྲིན་ལས་ལ་འཕགས་ཆེན་བློ་གྲོས་རྒྱལ་མཚན་དང༌། མཐུ་སྟོབས་ནུས་རྩལ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་མཚུངས་པ་ཡོང་ངེས་རང་ལགས། ཞེས་ལྐོག་གྱུར་རྗེན་གསལ་གྱི་ལུང་བསྟན་ཐོག་ཏུ་ཁེལ་བ་སྩལ་རྗེས་རིག་འཛིན་ཕོ་བྲང་གི་སྒོ་བསྒྲིགས་སོགས་ཤིན་ཏུ་འགྲིག་པར་མཛད་དེ་ཕེབས་སྐྱེལ་ཞུ་མི་རྣམས་ལ་ད་ནི་གཟིམ་ཆུང་ཡ་གིར་ཡང་དེ་ཙམ་མོ་ཞེས་འགྱངས་མིན་ནས་ཞིང་བརྗེ་བའི་གསུང་དང༌། སྟོན་ནས་དགུན་འགོའི་བར་གནས་གསར་རྡོ་རྗེ་འཆང་ནས་གསར་རྙིང་དུ་མའི་ཆོས་བཀའ་མང་དུ་སྩོལ་བར་མཛད་མཐར་དབུས་ཕྱོགས་ལ་ཆིབས་བསྒྱུར། ཁྲུམས་ཟླའི་ནང་ཆོས་ལྷུན་མཁན་པོ། ཐུབ་བསྟན་མཁན་པོ་སོགས་ལ་མཁའ་སྤྱོད་མའི་བྱིན་རླབས་དང་དུར་བདག་རྗེས་གནང་ལུང་བཅས་དང༌། ངོར་བླ་བྲང་ཁག་སོ་སོ་བ་མང་པོ་དང་ཁྱད་པར་ཐར་རྩེའི་ཞབས་གྲས་ཆུ་ནད་ཀྱིས་ནོན་ནས་ལྔ་ལམ་དུ་ཆས་པ་གཉིས་བཅས་ལ་བླ་མ་ཞི་ཁྲོ་སྩལ་འཕྲལ་ནས་དེ་གཉིས་བདེར་སོང་ཞིང༌། དབྱུག་ཟླའི་ནང་ཐུབ་བསྟན་གྲྭ་རྒྱུན་པ་འགའ་ཞིག་ལ་འཇམ་དབྱངས་དམར་སེར་རྗེས་གནང་དང་གདུང་རབས་ཡ་རབས་ཁ་རྒྱན་གྱི་