R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༦༡
[A:༤༦༡]བསྟན་པ་རིན་པོ་ཆེའི་ཉམས་ལེན་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་འཇིགས་བྲལ་སྟོབས་ཀྱི་མགོན་པོ་དཔལ་ལྡན་བིརྺ་པ་ཉིད་ལ་ཡེ་ཤེས་ཀྱི་མཁའ་འགྲོས་དངོས་སུ་སྩལ་བའི་མན་ངག་མཁའ་འགྲོའི་ཞལ་རླངས་ཅན་ཐོག་མར་འཆད་པའི་སྒོ་དབྱེ་བར་མཛད་དེ། ཞལ་སློབ་ཀྱི་གཙོ་བོ་འཇམ་མགོན་མཐུ་སྟོབས་དབང་ཕྱུག་གི་དབུ་གཡས་སྐལ་ལྡན་རྣམས་ལ་ཟླ་གསུམ་ཙམ་གྱི་རིང་སྩོལ་བར་མཛད་པའི་ཆོས་ཀྱི་རྣམ་གྲངས་ནི་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ལྗགས་རྩོམ་གདུང་རབས་རིན་པོ་ཆེའི་ཞལ་སྐོང་ནང་གསལ་བཞིན་དང༌། སྣྲོན་ཟླའི་ཚེས་ལྔ་ནས་འབུམ་ཐང་གཙུག་ལག་ཁང་རྟེན་བརྟེན་པར་བཅས་ཉམས་གསོས་འབུམ་དངུལ་གདུང་དུ་བསྐྲུན་པ་རིང་བསྲེལ་རྣམ་བཞིས་ཕྱུར་པོར་བཀང་སྟེ་ས་རྒྱན་གནམ་རྒྱན་མཆོད་སྤྱད་གདན་རབས་སོགས་ངོ་མཚར་གྱི་བཀོད་འདོམས་བླ་ན་མེད་པའི་འགོ་ཚུགས་པར་མཛད། དེ་མཚམས་ནས་གསོལ་ཐབ་ལྷོར་སྤོ་གནང་གིས་ཆུ་སྟོད་ཟླ་ནང་རྗེ་བཙུན་རིག་བྱེད་ལྷ་མོ་སྔོན་མོའི་ཆར་འབེབས་ལ་ཐུག་གཞོལ་བའི་སྐབས་ཤིག །རྡོ་རྗེ་ཕུག་ན་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་དེ་སྔོན་ནས་སྐུ་སྙུན་པའི་འཕྲོད་གཞེས་གནང་མུར་རྗེ་ཉིད་ལ་འཕྲལ་དུ་ཕེབས་བརྡ་ཞིག་བྱུང་བར་རྟབ་རྟབ་པོར་བྱོན་པས་སྐུ་རླུང་གི་རྣམ་པ་འདྲ་མོས་དྲན་མེད་དུ་བཞུགས་འདུག་པ་ལ་རྗེ་ཉིད་ནས་ཐབས་སྣ་ཚོགས་ཀྱི་འདུ་ཅི་ཡང་ཞིག་མཛད་པས། དར་ཙམ་ནས་ལྗགས་དབུགས་ཀྱི་རྒྱུ་བ་སླེབ་ཙམ་བྱུང་ཞིང༌། དེ་སྐབས་ཐར་རྩེ་དང་གནས་གསར་རྗེ་གཉིས་ཆར་བཞུགས་པ་ལ་སྐྱབས་འཇུག་ལྗགས་གུལ་གསུང་བརྟག་བཅས་ཞུ་གནང་ལ་གཉིས་ཀའི་གསུང་དུ་འཕྲལ་འཚུབས་ལས་སྐྱོན་མི་ཡོང་གསུང་བ་བཞིན་ཕྱི་དྲོ་ནས་ཐུགས་དམ་མཛད་ཁུལ་དང༌། མི་ངོ་ནི་ཆེར་མི་མཁྱེན་ཅིང་གསུང་ཡང་མི་མཛད་པ་བཅས་རྗེ་རྡོ་རྗེ་འཆང་ཉིད་ནས་བཅར་བཞུགས་ཀྱིས་ཉིན་གང་ཁྱོལ། མཚན་མོ་ཞམ་འབྲིང་པ་རྣམས་སྐུ་དྲུང་དུ་