R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༦༣
[A:༤༦༣]ལུང༌། རྒྱང་མཁར་བླ་མ་ཡབ་སྲས་ལ་ཚེ་དབང་ལྕགས་སྡོང་མ། ལྷ་ཆེན་དྲུང་རམ་ཀུན་དགའ་ཚུལ་ཁྲིམས་སོགས་ཁ་ཤས་ལ་ཕུར་པའི་སྦྱིན་སྲེག །ཕུར་ཆུང་གཏོར་བསྔོ་རྣམས་ཀྱི་ལྗགས་ལུང༌། ཟླ་ནང་དེར་ཁལ་ཁ་ཆིང་ཝང་བདེ་ཆེན་སྐྱབས་ཀྱི་མི་སྣ་དབང་ཕྱུག་སོགས་ཉི་ཤུ་སྐོར་དང༌། སྣེ་ཤན་སོག་པོ་དཔོན་གཡོག་བཅས་སྔར་བླ་མེད་ཀྱི་དབང་གིས་སྨིན་ངེས་ཉེར་ལྔར་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་དམར་པོ་སྐོར་གསུམ། དམར་མོ་སྐོར་གསུམ། དམར་ཆུང་སྐོར་གསུམ། སེང་གེ་སྒྲ། འཇམ་ནག །ཁྱུང་ཁྲ། ཛམ་དམར་སྲོག་སྒྲུབ་སྟེ་བཅུ་གསུམ་དུ་གྲགས་པའི་རྗེས་གནང་ལུང་བཅས། འོད་དཔག་མེད་ཀྱི་ཉལ་འཕོ་དང་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་འཕོ་བ་བཅས་སྩལ་ཏེ། དགའ་མགུའི་རྣམ་འགྱུར་བརྒྱ་ཕྲག་གཡོ་བའི་དཔལ་ལ་འགོད་པར་མཛད། སྨིན་ཟླའི་ནང་འཇམ་མགོན་གཅུང་དམ་པའི་དབུས་ཞལ་ངོ་རྣམས་དང༌། ཆོས་སྡེ་ཉི་ཟླ་ཟུང་གི་དགེ་འདུན་ཁ་ཤས། འཇམ་མགོན་གནས་གསར་བ། དེའི་ཕྱག་མཛོད། རྗེ་དྲུང་ངག་དབང་ལགས། གསེར་མདོག་བླ་མ་དཔོན་གཡོག་སོགས་ཉེར་ལྔར་འཁོར་ལོ་བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་དབང་ཆེན་དང་དྲིལ་བུ་ལུས་དཀྱིལ་གྱི་དབང༌། འཇམ་མགོན་གནས་གསར་བ་ཆེན་པོ་ཞལ་དཀར་རྗེ་དྲུང་བཅས་ལ་པུ་ཏྲ། ལས་གཤིན་ཁྲག་མདོག་ཡབ་ཡུམ། བསེ་བྱ་བཞི་བསྐོར་བཅས་ཀྱི་རྗེས་གནང་དང༌། དཔོན་གཡོག་ཚང་མར་སྒྲ་མི་སྙན་གྱི་ཚེ་དབང༌། ཞལ་དཀར་གསེར་བླ་སོགས་ཁ་ཤས་ལ་བདེ་མཆོག་བོང་ཞལ། ཀྱེ་རྡོར་རྒྱུ་དབང༌། ལམ་དབང༌། ནཱ་རོ་མཁའ་སྤྱོད་དང་དཔྱལ་ལུགས་ཕག་མོ་སྐོར་གསུམ་ཕག་དཀར་རྣམས་དང༌། སྒྲུབ་ཐབས་རྒྱ་མཚོར་གྲགས་པའི་རྗེས་གནང་ཚང་མ། འཇམ་དབྱངས་དམར་སེར། མི་གཡོ་བ་དཀར་པོ། ཁྱུང་ཁྲ། གཉན་སྒྲོལ། ཛམ་དམར། གཟའ་ཡུམ། རྡོ་རྗེ་ཤུགས། སྣ་ཚོགས་ཡུམ། གཙུག་