R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༦༤
[A:༤༦༤]འབར། གནས་བཅུ། ལེགས་ལྡན་མཆེད་གསུམ། བཀའ་གདམས་ལྷ་བཞི། སྨེ་དུད། དམག་ཟོར་མ། རྡོ་རྗེ་རབ་བརྟན་མའི་རྗེས་གནང་རྣམས་དང༌། ལུང་ལ། རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ། བདེ་མཆོག་ཆོས་འབྱུང༌། ལཱུ་ནག་དྲིལ་གསུམ་གྱི་བསྐྱེད་རིམ་རྣམ་བཤད། མཁའ་སྤྱོད་མའི་སྒྲུབ་དཀྱིལ་རྣམས་ཨ་མེས་ཞབས་ཀྱིས་མཛད་པ། རྗེ་བཙུན་རྩེ་མོ་དང་གྲགས་པ་རྒྱལ་མཚན་གཉིས་ཀྱིས་མཛད་པའི་དྲིལ་བུ་དབང་ཆུ་སྒྲུབ་ཐབས། ཀུན་མཁྱེན་གྱིས་མཛད་པའི་མངལ་སྒོང་གཉིས་ཀྱི་སྒྲུབ་ཐབས། དམག་ཟོར་མ་དང་རྡོ་རྗེ་རབ་བརྟན་མ་གཉིས་ཀྱི་བསྐང་གསོའི་ལུང་རྣམས་སྩལ་བ་སོགས་ཉིན་མཚན་ཁོར་ཡུག་ལྟ་བུར་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བར་མཛད་པ་ཡང༌། ཇི་སྐད་དུ། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱི། །མེ་ཏོག་བྱུག་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་དང༌། བྱམས་པ་སེང་གེ་སྒྲའི་མདོ་ལས། གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང༌། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང༌། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་བྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་བགྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་དུ་བསམ་དུ་ག་ལ་ཡོད། །ཅེས་པ་དང༌། གངྒཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་ཅི་འདྲ་དེ་ལ་མེད། །ཅེས་དང༌། སེང་གེས་ཞུས་པར། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །ཞེས་གསུངས་པ་སོགས་བསྟན་ལ་བྱི་དོར་གཙང་མའི་ཆོ་གས་དུས་འདའ་བ་ལས་གཞན་པའི་རང་དོན་ཉི་