R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༦༦
[A:༤༦༦]གི་ཐོ་ཡིག་ལམ་དབང་བསྐུར་གསོ་དབང་ཆུའི་ས་ཆོག་གསལ་བྱེད་ཨ་སེང་མའི་དོན་འགྲེལ། ལམ་འབྲས་བླ་བརྒྱུད་གསོལ་འདེབས་ལེ་ཚན། རྣམ་བིར་བྱིན་རླབས་བྱ་ཚུལ། ཀྱེ་རྡོར་རྒྱུད་དང་མཐུན་པའི་སྨོན་ལམ། དབང་གི་སྔོན་འགྲོའི་སེམས་བསྐྱེད་ལེ་ཚན། བརྡ་འགྲོལ་ངེས་པའི་དཔལ་སྟེར་རྣམས་དང༌། གཞན་ཡང་གཏོར་བསྔོ་ཆེན་མོ་སོགས་ཀྱི་ལྗགས་ལུང་དང་སངས་རྒྱས་ཀླུ་དབང་འོད་ཟེར་ཅན་མ་ཁྲོ་མོ་སྨེ་བརྩེགས། ཚེ་དཔག་མེད་དཀར་པོ། སེང་གདོང་དམར་མོ། ཚོགས་བདག་དཀར་པོ། ཚེ་དཔག་མེད་སྤྲུལ་སྐུ་རྣམས་ཀྱི་རྗེས་གནང་ལུང་བཅས་རྣམས་ཡང་དག་པར་བཀའ་དྲིན་ཆེ་ཟིན་འཕྲལ། རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་ཚོམས་དམར་དུ་ཞལ་གྱི་དམ་ཚིག་བསྐང་བ་ནམ་ལངས་ས་རུབ་ལྟ་བུར་བསྐུལ་རེས་ཀྱི་སྒོ་ནས་སྒྲུབ་གནང་དང༌། དེ་ནས་གོང་སྨོས་བཞིན་འབུམ་ཐང་གཙུག་ལག་ཁང་ཕྱི་ནང་གཅོང་ཟོམ་ཅན་ལ་བླ་མ་གོང་མ་དུ་མས་ཉམས་གསོ་ཉན་ཀ་སོགས་རྒྱུན་ཆགས་སུ་མཛད་ཀྱང་གཏན་བརླིང་ཁེལ་བ་མ་བྱུང་བའི་སྟབས་རྟེན་བརྟེན་པར་བཅས་ཡོངས་རྫོགས་གསར་བསྐྲུན་གྱིས་རྙིང་པ་གྱང་ཟེགས་ཕྲན་བུ་ཙམ་ཡང་མེད་པ་ལྟ་བུར་བཀས་འདོམས་ཟིན་པ་གནམ་ས་བར་གསུམ་མཛེས་བྱེད་མཆོད་ཚོགས་ཀྱིལ་ཕྱུར་པོར་བཀང་བ་རྣམས་ཀྱི་ཆ་གཞི་ཧ་ལམ་གྲུབ་དུས་གང་གི་ཡུམ་མཆོག་དམ་པ་ཉིད་སྙུན་བཞེས་ཀྱི་མུ་དང༌། ས་གའི་གསང་འདུས་སྒྲུབ་མཆོད་ཐོག་གསེར་ཅན་གྲྭ་བསྐོར་བ་བཅུ་ལྷག་དང་དེའི་བླ་མ་དཔོན་གཡོག་སོགས་ལ་འདོད་འབྲས་བཞིན་གསང་འདུས་མི་བསྐྱོད་པའི་དབང་དང༌། ཁམས་པ་གྲྭ་རྒྱུན་བསྙེན་མཚམས་པ་བདུན་ཙམ་ལ་ལྷ་བརྒྱད་རྗེས་གནང༌། སྣྲོན་ཟླའི་ནང་སྒྲུབ་མཆོད་ཐོག་ཆོས་གྲྭ་ལྷོའི་དབྱར་ཆོས་པ་རྣམས་དང་གསེར་ཅན་གྲྭ་བསྐོར་བ་མུས་པ་བཅས་ལ་འཁོར་ལོ་སྡོམ་པ་ནག་པོ་པའི་དབང་ཚར་གསུམ་དང༌། ཡབ་