R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༦༥
[A:༤༦༥]ཚེའི་བསམ་སྦྱོར་ནི་རྗེ་དམ་པ་དེ་ཉིད་ལ་རྨི་ལམ་ཙམ་དུའང་མི་མངའ་ཞིང༌། དེ་ནས་འཆར་འཕར་གྱི་ཐུགས་བྲེལ་སྤྱི་དང་བྱེ་བྲག་ལ་གཞོལ་བར་མཛད་པའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། ཌཱ་ཀིའི་ཞལ་རླངས་འཐུལ་བའི་གསུང་ངག་གི །ཆ་ལག་དང་བཅས་ཟིལ་དངར་དྲོད་གཤེར་དུས། །སྐལ་ལྡན་བློ་གྲོས་གཤིན་པོའི་ཞིང་ས་ཆེར། །རྣམ་གྲོལ་ཐར་པའི་ས་བོན་དང་པོ་བསྐྲུན། །རིམ་བསྐྱེད་མྱུ་གུ་མཆོག་ལ་མི་མཐུན་རླུང༌། །གྲང་རེག་གཏུམ་པོ་ཐུགས་རྗེའི་ཚ་ཟེར་གྱིས། །སྦྱོང་ཚེ་རྣམ་འདྲེན་ཟུང་གི་གསང་བའི་ལུང༌། །ཕན་ཚུན་རྩེ་དགར་ཆས་པའི་བཤེས་སུ་གྱུར། །ཐར་པའི་རྩེར་སོན་གྲུབ་དབང་གསང་ལུང་གིས། །མགོན་ཁྱོད་ཞིང་བཅས་འབྱུང་འགྱུར་ཐ་ཚིག་བསྙད། །ཡ་གྱལ་འདྲེན་པའི་གསུང་གསང་ལྷག་མའི་བཅུད། །ངོམ་མེད་གསོལ་ནས་འགྲོ་རྒྱུད་སྨིན་ཅིང་གྲོལ། ཅེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཉེར་དྲུག་ཏུ་ཕེབས་པ་ཤིང་ཁྱིའི་དཔྱིད་ཆོས་གྲྭ་ལྷོ་བྱང་སོགས་སྐལ་ལྡན་མང་པོར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཐང་གཉིས་པ་སྩལ་སྐབས་གསུང་ངག་སྔོན་མར་མ་གནང་བའི་ལུང་རྗེས་གནང་སོགས་མཛད་པའི་རྣམ་གྲངས་ནི། གསུང་ངག་རིན་པོ་ཆེ་བྱུང་ཚུལ་དང་ཀྱེ་རྡོ་རྗེའི་བསྙེན་ཐབས་གཉིས་ཨ་མེས་ཞབས་ཀྱིས་མཛད་པ། རྗེ་ཉིད་ཀྱིས་མཛད་པའི་བརྒྱུད་འདེབས་རྣམས་ཀྱི་ཁ་སྐོང་སྒར་ཆེན་དང་ཀུན་དགའ་དབང་རྒྱལ་གྱི་གསོལ་འདེབས། རྩེ་གདོང་བདག་ཆེན་གསུམ་གྱི་སྐུ་བསྟོད། ཡབ་རྗེའི་སྐུ་བསྟོད་སྐྱབས་གནས་མ། རྣམ་ཐར་གསོལ་འདེབས། གནས་གསར་རྗེ་དང་ཐར་རྩེ་རྗེའི་སྐུ་བསྟོད། དེ་གཉིས་ཀྱི་ཞབས་བརྟན། སངས་རྒྱས་ཡེ་ཤེས་ཁའུ་པ་ཨ་ཎི་དྲུང་བཅས་ཀྱི་གསོལ་འདེབས་རྣམས་དང༌། ཀུན་མཁྱེན་གྱིས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་དབང་