R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༦༧
[A:༤༦༧]རྗེ་རྡོ་རྗེ་འཆང་བསོད་ནམས་རིན་ཆེན་གྱི་དགོངས་རྫོགས་ཀྱེ་རྡོར་སྒྲུབ་མཆོད་ཐོག་གདོང་དགའ་ཆོས་སྡེ་བ་སོགས་སྐལ་ལྡན་གྱི་སྐྱེས་ཕོ་མོ་མང་བ་དང༌། ས་སྟོད་གཞིས་གཉེར། གཡང་ཆོས་རྒྱལ་སྲས། གཉའ་ནང་པ་དཔོན་གཡོག་སོགས་མི་གྲངས་བརྒྱ་དང་བརྒྱ་ཕྱེད་ལ་ཀྱེ་རྡོ་རྗེའི་རྒྱུ་དུས་ཀྱི་དབང་ཚར་དྲུག་དང༌། ཡང་གདོང་དགའ་བ་ཕལ་ཆེར་དང་ཆོས་སྡེ་བྱང་པ་འགའ་ཞིག་བཅས་བདུན་རེར་ཁྲོ་བཅུའི་རྗེས་གནང་ཚར་གསུམ་གྲོ་བཞིན་ཕུར་སྒྲུབ་ཐོག་འཇམ་མགོན་གཅུང་རིན་པོ་ཆེ་ཨ་ལྕེ་དྲུང་ཆོས་སྡེ་ལྷོ་བྱང་ཁ་ཤས་ལ་དྭགས་རྗེ་བཙུན་མ་དཔོན་གཡོག་ཁ་ཤས་རྫོང་རི་རབ་འབྱམས་པ་སོགས་ལ་ཕུར་དབང་ཚར་གཉིས་དང༌། ཡང་ལ་དྭགས་རྗེ་བཙུན་དཔོན་གཡོག་སྟོད་སྒར་དཔོན་རང་དཀྱིལ་ཁང་པ་ངོ་གཡོག་རྫོང་རི་བ་སོགས་མང་ཙམ་ལ་ཚེ་དབང་ལྕགས་སྡོང་མ། སྔོན་འགྲོ་གཟེར་ལྔའི་ནང་རྡོར་སེམས་སྒོམ་ལུང༌། རྒྱལ་རྩེ་མེས་སྲོང་ནས་ཞུས་པའི་རྗེ་ཉིད་ཀྱི་གསོལ་འདེབས་ཀྱི་ལྗགས་ལུང་རྣམས་བཀའ་དྲིན་དུ་སྩལ་བའི་སྒོ་ནས་གདུལ་བྱ་མང་པོ་ཐར་ལམ་དུ་རྗེས་སུ་བཟུང༌། དེའི་ཚེ་ཡུམ་མཆོག་ཉིད་གཞི་ཐོག་ཕོ་བྲང་ན་བཞུགས་ཤིང༌། ཕུར་སྒྲུབ་སྐབས་སྔ་ཕྱིར་སྣ་ཚོགས་སུ་འབུམ་ཐང་གཟུངས་གཞུག་འོད་ཟེར་དྲི་མེད་དེའི་དཀྱིལ་ཆོག་གྲངས་གསོག་གིས་སྒྲུབ་པར་མཛད་པ་དང༌། སྐབས་འགའ་གཞི་ཐོག་ཏུ་ཕེབས་ཏེ་རྒྱལ་ཡུམ་དམ་པའི་རྐྱེན་སེལ་ལ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་ཐུགས་གཞོལ་བའི་སྐབས་ཤིག །ཡུམ་གྱི་གསུང་ལས། དོ་ནུབ་གཞི་ཐོག་ཏུ་བཞུགས་ལ་སང་ཉིན་ཚོགས་དུང་བྱུང་བསྟུན་བྱོན་ཅིག་གསུངས་པ་བཞིན་མཛད་ནས་སང་ཉིན་ཕེབས་ཁར་ཡུམ་གྱི་སྐུ་དྲུང་དུ་བྱོན་གསུངས་པ་ལྟར་བྱོན་པས་ཡུམ་གྱི་གསུང་ལས། ད་ལམ་བདག་ནད་འདིའི་ཁ་ནས་ཐར་བ་ཞིག་མི་ཡོང་བས་དེས་ན་ཉིད་རང་ནི་སྐུ་ན་དང་བབས་ལུགས་