R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༦༨
[A:༤༦༨]གཉིས་ལ་མཁྱེན་རླབས་རྒྱས་པ་སོགས་བློ་ཀྱོག་མ་དགོས། འོན་ཀྱང་བསྟན་འགྲོའི་མཛད་པར་ཐུགས་བརྩོན་ཆེ་གཤིས་སྐུ་འཁྲུགས་མ་བྱུང་བར་མཛོད། གཅུང་པོ་འདི་ཐུགས་སེམས་ཆུང་ལ་སྐུ་གཅོང་ཆེ་ཞིང་ཞབས་འདེབས་མ་ཐུགས་གྱོང་བ་སོགས་འོ་བརྒྱལ་རང་བྱུང་དོགས་དང་སྐུ་ཚེའང་ཧ་ཅང་རིང་བ་ཞིག་མ་བྱུང་དོགས་པས་ནམ་བཞུགས་བར་སྐུ་མཆེད་ད་ལྟ་བཞིན་ཐུགས་མཐུན་པ་དང་དབུ་འདོན་ཡང་དག་མཛོད། གཞན་ཡང་རྗེ་བཙུན་དྲུང་རྣམས་དང་ཞབས་ཕྱི་སོགས་ལ་ཞལ་མངགས་དུ་མ་མཛད་མཐར་རྒན་མོ་ངའི་འདས་ཤུལ་གང་མཛད་ནའང་ཉིད་རང་ནས་མཁྱེན་པས་དེས་མ་འཐུས་པ་གང་ཡང་ཞུ་རྒྱུ་མེད་གསུང་མ་ཐག་རྗེ་ཉིད་ཀྱི་ཐུགས་ལ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་གསལ་འདེབས་ལྟ་བུར་འཁྲུངས་པའི་མུར་དར་ཙམ་མཉམ་པར་བཞག་རྗེས་གསུང་ལན་དུ། ད་དུང་སྐུ་རིམ་འཕྲོད་པ་ཞེས་སོགས་ཡང་དག་ཞུ་བས་ཡར་བསྐྱེད་བཞེས་ཐུབ་ཙམ་ཨེ་ཡོང༌། ཅི་སྟེ་ཇི་གསུང་བཞིན་ཐོག་བབ་ཤར་ཚེ་གང་ཅིའི་ཞལ་ཆེམས་འགྱོད་མེད་ཞུ་གསུང་བས་ཡུམ་མཆོག་ཉིད་ཐུགས་དགྱེས་པ་རབ་གྱི་རྩེར་སོན། དེ་ནས་ཕུར་སྒྲུབ་རིང་དང་ཁྲུམས་ཟླའི་བཅུ་གསུམ་ཕར་རེས་འཇོག་གིས་དེ་ཉིན་དབང་ཁང་ན་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་སྒྲུབ་མཆོད་གནང་སྐབས་གློ་བུར་དུ་ད་ནི་གཤེགས་པར་ཉེ་བས་རེ་ཞིག་ཡར་བྱོན་ན་གསོལ་བ་བཞིན་མཛད་པས་མི་ངོའང་མི་མཁྱེན་ཅིང་སྤྱན་ཕན་ཚུན་དུ་གཟིགས་ཐུབ་ཙམ་མཆིས་པས་དེ་མ་ཐག་རྗེ་རྡོ་རྗེ་འཆང་ཆེན་པོས་བདུད་རྩི་རིལ་བུ་ཁྲུས་ཆུར་སྦྱར་བ། སངས་རྒྱས་ཀྱི་འཕེལ་གདུང་རིན་པོ་ཆེ་རྣམས་གནང་བས་དར་ཙམ་ནས་ཐུག་དྲན་གསལ་ཞིང༌། བཅུ་བཞིའི་ཤར་གྱི་སྐྱ་རེངས་ཤར་ཙམ་ལ་སྒྲུབ་མཆོད་ཀྱི་ཚོགས་དུང་གསན་མ་ཐག་ཡུམ་ཉིད་ཕྱག་ཐལ་མོ་སྦྱོར་བཞིན་པའི་མུར་དགོངས་པ་ཆོས་ཀྱི་དབྱིངས་