R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༦༩
[A:༤༦༩]སུ་ཞུགས་འཕྲལ། གང་གི་ཞལ་ཆེམས་བཞིན་གཟིམ་འོད་ལགས་ནས་མཁའ་སྤྱོད་མའི་འཕོ་བ་གསལ་འདེབས་སོགས་དགོངས་ཟབ་རྫོགས་ཐབས་ཀྱི་མཛད་སྒོ་མཐའ་དག་རྗེ་རྡོ་རྗེ་འཛིན་ཉིད་ཀྱི་གསུང་གིས་ལེགས་པར་འདོམས་ནས་དགུན་དུས་ཀྱི་ཚེ་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་དང་ཞལ་རྒྱས། མགོ་ཟླའི་ནང་ཚ་རོང་སྡེ་པ་སྙན་གྲགས་ཁུ་བོ་བཅས་དང་ལས་ཆེན་པ་སོགས་ཆོས་སྡེ་ལྷོ་བྱང་འགའ་ཞིག་ལ་ཚར་ལུགས་གྲུབ་རྒྱལ་ཚེ་དབང་ལུང་བཅས་དང་རྣམ་འཇོམས་བྱབ་ཁྲུས། བདེ་མཆོག་སྒྲུབ་མཆོད་དང་བསྟུན་གླིང་ཚང་བླ་མ་ཆོས་རྒྱལ་མཚན་སོགས་ནས་གསོལ་བཏབ་བཞིན་བདེ་མཆོག་ནག་པོ་པའི་དབང༌། དགུན་ཆོས་པ་རྣམས་ལ་ལྕགས་སྡོང་མ། བརྒྱ་དཔོན་སོགས་བསྙེན་མཚམས་པ་འགའ་ཞིག་ལ་ལམ་དབང༌། དེ་མཚམས་ནས་ཁམས་ཕྱོགས་ཧོར་ཁང་སར་དཔོན་གཡོག་བརྒྱ་སྐོར་རྗེ་རྡོ་རྗེ་འཆང་ཉིད་ཀྱི་སྙན་གྲགས་སྒྲ་འཛིན་གྱི་བུ་གར་ལྷུང་པས་དད་པའི་ཡིད་ཀྱི་ཁྱེའུ་ཆུང་དབང་མེད་དུ་ཁུག་སྟེ་དངོས་འབུལ་རྒྱ་ཆེ་བ་དང་བཅས་མཇལ་ཕྱག་ལ་བཅར་བ་གཞུང་སྣེ་ཤན་བཅས་ལའང་ལུགས་ཟུང་གི་བདག་རྐྱེན་སྤྱི་དང་བྱེ་བྲག་བླ་མ་ཞི་ཁྲོའི་ཚེའི་དབང་བསྐུར་བ་བཅས་ལེགས་པར་སྩལ་ཏོ། །དེ་དག་གི་དོན་བསྡུ་ན། ཡོངས་རྫོགས་བི་རཱུའི་ཉམས་ལེན་གཞུང་ཤིང་ཆེ། །ཚད་མ་སྙན་བརྒྱུད་བཞི་ལྡན་ཆོས་ཀྱི་སྒོ། །ཐབས་ཤེས་བརྡ་ཡིས་ཕྱེ་བའི་དཀྱིལ་འཁོར་དུ། །སྣོད་རུང་དམ་ཚིག་ལྡན་ཀུན་རྗེས་སུ་བཟུང༌། །དྲིན་གྱིས་བསྐྱངས་པའི་སྐྱེད་བྱེད་མ་མའི་གསུང༌། །གང་ཐུགས་དག་པའི་མེ་ལོང་འཕོས་མ་ཐག །དོན་ལྡན་བསླུ་མེད་དམ་པའི་ཐུགས་རྗེ་ཡིས། །ལྕགས་ཀྱུས་འདི་ཕྱི་ཀུན་ཏུ་ཡང་དག་དྲངས། །ཤིང་རྟའི་སྲོལ་འབྱེད་རྒྱལ་ཚབ་མི་ཕམ་མགོན། །སྡོམ་བརྩོན་ངུར་སྨྲིག་ཟོལ་གྱིས་ཉེར་ལྷགས་ནས། །