R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༠
[A:༤༧༠]མགོན་ཁྱོད་ཞལ་རྒྱས་མཉམ་བཞག་རྗེས་ཐོབ་ཏུ། །མདོ་སྨད་ཧོར་སོགས་མང་པོར་འདོད་འཇོ་གྲོལ། །ཅེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཉེར་བདུན་དུ་ཕེབས་པ་ཤིང་ཕག་རྒྱལ་ཟླའི་བཅུ་གཉིས་ལ་རྗེ་རྡོ་རྗེ་འཆང་ཆེན་པོའི་རིགས་བདག་དམ་པ་ལུགས་ཟུང་གཉིས་ཆར་ནས་སྐུ་དྲིན་གཞལ་བར་དཀའ་བ་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་ཀུན་དགའ་མཚན་དཔེའི་རྒྱལ་མཚན་དཔལ་བཟང་པོ་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་པའི་དགོངས་རྫོགས་ཀྱི་རིམ་པ་སྤྱི་དང་བྱེ་བྲག་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་དངོས་དང་བརྒྱུད་ནས་མཛད་དགོས་རྣམས་ཡང་དག་པར་བཀའ་དྲིན་ཆེ་མཐར། བསམ་ཡས་མཁན་གསར་བསོད་འོད་འདམ་ཐོག་བླ་མ་བསྟན་ཡར་སོགས་མི་བདུན་ཙམ་ལ་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་བིར་བསྲུང་དང་ལམ་ཟབ་ཕྱི་མའི་བྱིན་རླབས། རྗེ་ཉིད་ཀྱི་གསུང་རྩོམ་མགོན་པོའི་ཆར་འབེབས་ལྗགས་ལུང༌། ཡང་ལྕགས་ལ་མི་ཆེན་དཔོན་གྱི་མགྲོན་གཉེར་བསྟན་འཛིན་གཞུང་སྣེ་ཤན་པ། རྩེ་གདོང་འབུལ་སྡུད་བླ་མ་མཁྱེན་རབ། འབྲུག་བླ་སྤྲུལ་སྐུ་སོགས་ལ་འདོད་འབྲས་བཞིན་འཁོར་ལོ་བདེ་མཆོག་ནག་པོ་སྤྱོད་པའི་རྡོ་རྗེ་ལུགས་ཀྱི་དབང༌། མཁའ་སྤྱོད་མའི་བྱིན་རླབས་དང་དེའི་འཕོ་བའི་ལུང༌། ཡང་ལྕགས་མགྲོན་དཔོན་གཡོག་ཆོས་གྲྭ་ལྷོ་བྱང་འགའ་ཞིག་འབུལ་སྡུད་བླ་མ་སོགས་སྐྱ་སེར་མང་ཙམ་ལ་གྲུབ་རྒྱལ་མའི་ཚེ་དབང༌། སྡེ་དགེ་མཁན་རིན་པོ་ཆེ་དཔལ་ལྡན་ཆོས་སྐྱོང༌། སྐུ་ཚབ་དཔོན་པོ་ལྷ་རྒྱལ། རྫོང་གསར་བླ་མ་ཡོན་ཏན་རྒྱ་མཚོ། རི་བོ་ཆེའི་མ་ཎི་བ་བརྒྱད། གཞུང་སྣེ་ཤན་པ་སོགས་བརྒྱ་ཕྲག་བརྒལ་ཙམ་ལ་བླ་མ་ཞི་ཁྲོ་དང་རྟ་མགྲིན་སྐྱེར་སྒང་རྗེས་གནང༌། རྫོང་གསར་བླ་མ་དང་རི་བོ་ཆེའི་མ་ཎི་བ་སོགས་ལ་རྡོ་རྗེ་གཞོན་ནུའི་སྨིན་བྱེད་ཀྱི་དབང༌། ལྷོ་བྱང་དགེ་འདུན་བསྙེན་མཚམས་པ་བདུན་ལ་ལྷ་བརྒྱད་དང་དཀར་བདུད་ཀྱི་རྗེས་གནང༌། ཚོས་སྒོ་བསྐོར་ཆེན་པ་སུམ་ཅུ་ཙམ་དང་གདན་སའི་མངའ་ཞབས་དན་ཁྲོད་པ་རྣམས་