R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༡
[A:༤༧༡]སོགས་སྐྱེས་ཕོ་མོ་དྲུག་བརྒྱ་བརྒལ་ཙམ་ལ་གྲུབ་རྒྱལ་ཚེ་དབང་ཚར་གཉིས་རྣམས་སྩལ་བ་དང༌། རྟ་ཟླའི་ནང་ངོར་ཐར་རྩེའི་འབུལ་སྡུད་གདོང་སྤྲས་བླ་མ་སངས་རྒྱས་ལྷུན་གྲུབ་ངོ་གཡོག་བཅས་ལ་ལྕགས་སྡོང་ལྷ་མང་དང་དབྱུག་གུ་མའི་སྒྲུབ་སྐོར་གྱི་ལྗགས་ལུང་དང་ཀ་ལེབ་བླ་གསར་སོགས་ལ་འབྱུང་འདུལ་རྗེས་གནང༌། དབོ་ཟླའི་ནང་སྡེ་དགེ་གཉེར་བ་བསོད་ནམས་བཀྲ་ཤིས་ཀྱི་ཚ་བོ་ཨ་ཁམ་དཔོན་གཡོག་ཉེར་ལྔ་ཙམ་ལ་ཚེ་དཔག་མེད་ལྷ་དགུ། ཀུན་རིག་ཕུར་དབང་རྣམས་དང༌། ནག་ཟླའི་ནང་དཔོན་ལྷ་རྒྱལ་དཔོན་གཡོག་དང་འདམ་བླ་བསྟན་ཡར་སོགས་མང་པོར་སྒྲོལ་དཀར་ལུགས་གཉིས་དང་དྲག་དམར་གྱི་རྗེས་གནང༌། དབོན་པོ་རྐྱང་པར་མགོན་པོ་ལྷ་བཅུ་གཉིས་མའི་རྗེས་གནང་ལུང་བཅས་རྣམས་སྩོལ་བར་མཛད། དེའི་ཚེས་བཅོ་བརྒྱད་ཐོ་རངས་སྒོ་རུམ་བླ་མ་ལྷ་ཁང་དུ་འཇམ་མགོན་ས་སྐྱ་པཎྜི་ཏ་སྐུ་གཟི་བརྗིད་དང་ལྡན་ཞིང་ཞལ་འཛུམ་པར་བཅས་དངོས་སུ་གཟིགས་པ་ནས་བཟུང་སྐུ་བསྟོད་ཤེས་བྱ་ཐམས་ཅད་གཟིགས་པའི་སོགས་ཤློ་ཀ་གཅིག་ཕྲེང་འཁོར་རེ་ཆག་མེད་དུ་མཛད། གཞན་ཡང་འགྲོ་མགོན་འཕགས་པ་རིན་པོ་ཆེ་ཐང་གསུམ་ཙམ་གཟིགས་པའི་གཅིག་འབུམ་ཐང་ལྡེབས་བྲིས་ལ་ཡོད་པ་འདི་བཞིན་དང༌། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་ཁམས་དེ་དཔལ་ལྡན་ས་སྐྱ་ནས་བརྩིས་པའི་ལྷོ་ནུབ་ན་ཡོད་པར་ནམ་མཁའ་འཇའ་ཚོན་གྱིས་གང་བ་དང༌། སྐབས་ཤིག་མུས་ཀྱི་སྤང་སྟེང་ཞིག་ན་བླ་མ་རབ་བྱུང་བགྲེས་པོ་སྐུ་བེམ་དྲག་ཆེམ་མེ་བ་ཞིག་གསོལ་ནས་ཆོས་འཆད་མཛད་རྒྱུ་ཡིན་དགོངས་པ་དང༌། ཡང་མུས་གྱི་འདུ་ཁང་ཀ་བཞི་མ་ཁ་ལྷོར་བསྟན་ཞིག་ན་བླ་མ་བགྲེས་པོ་དེ་ག་བཞུགས་ནས་རྡོ་རྗེ་སྙིང་འགྲེལ་གྱི་བཤད་པ་མཛད་པ་དང༌། ཡང་དཔལ་ཆེན་ཕོ་བྲང་རྙིང་དུས་ཡོངས་རྫོགས་འཁྲུངས་པའི་གཡབ་ཁ་ནུབ་བསྟན་ཞིག་ཏུ་གུང་ཚིགས་མཛད་ཀྱིན་བཞུགས་པ་དང༌། ཞ་ལུའི་ལྡེབས་བྲིས་ལ་མཛད་པ་བཅུ་གཉིས་ཀྱི་