R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༢
[A:༤༧༢]བཤད་པ་གནང་མུ་ནས་བདེན་བཞིའི་ཆོས་འཁོར་བསྐོར་བའི་བཤད་པའི་ཚེ་གོས་སེར་གྱི་སྣམ་སྦྱར་བཞེས་ནས་གནང་བ་སོགས་སྔོན་གནས་རྗེས་དྲན་ལྟ་བུ་ཡ་མཚན་མཚར་དུ་ཆེ་བ་དེ་རྣམས་ཀྱང་འཁྲུངས་ཤིང༌། ནག་ཟླའི་ནང་ནས་ཆུ་སྟོད་ཟླ་སྐད་བར་ཀུན་རྫོབ་ལྟར་སྣང་དུ་རྡོ་རྗེའི་སྐུ་བརྙེས་རྗེ་རྡོར་འཛིན་ཆེན་པོ་ཉིད་ལ་སྐུ་ཁྲག་བརྟས་པའི་སྙུན་གཞི་བསྟུད་མར་བཞེས་ཚུལ་གྱི་སྐབས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་ནས་སྐུ་རིམ་གྱི་ཞལ་བཀོད་དང་ཉིད་ནས་ཀྱང་སྐུ་གེགས་སེལ་ཐབས་སྒོ་གང་ཟབ་མཛད་ཅིང་ལྷག་དོན་རྗེ་ཉིད་ཀྱིས་ཐུགས་དམ་ཚེ་སྒྲུབ་རྣམས་ལ་བརྩོན་པར་བཀའ་དྲིན་ཆེ་བས་རིམ་གྱིས་སྙུན་གཞི་དབྱིངས་སུ་དེངས། ལོ་དེའི་རིལ་སྒྲུབ་གང་གི་གཅུང་དམ་པ་ཉིད་ཀྱིས་ཐུགས་འགན་བཞེས་ཤིང་དེའི་ཚེ་རྗེ་བཙུན་གོང་མའི་བདུད་རྩི་རིལ་བུའི་སྟ་རྣམས་མང་དུ་སྤེལ་བར་མཛད། དེ་ནས་ཆུ་སྟོད་ཟླ་མཇུག་ཙམ་ནས་ཐུབ་བསྟན་མཁན་པོ་བསྟན་འཛིན་རྒྱལ་མཚན། རི་ཁུད་སྤྲུལ་སྐུ་བསོད་ནམས་དབང་ཕྱུག །སྡེ་དགེ་དམེ་ཤོད་བླ་མ་ཡོན་ཏན་རྒྱ་མཚོ་སོགས་སྐལ་ལྡན་རྣམས་ལ་སླར་ཡང་ཟབ་རྒྱས་ཀྱི་བདུད་རྩི་འདི་ལྟར་གྲོལ་བར་མཛད་དོ། །གྲུབ་ཆེན་བརྒྱད་ཅུ་སྒྲུབ་ཐབས་བརྒྱ་རྒྱམ་ཚེ་དབང་གྲུབ་རྒྱལ་མ་དང་བླ་མ་ཞི་ཁྲོ་ལྕགས་སྡོང་ལྷ་མང་དང༌། འཆི་མེད་འདོད་འཇོའི་ལུགས་རྡོ་རྗེའི་སྲོག་ཤིང་ཡང་སྙིང་ཀུན་འདུས་སྒྲ་མི་སྙན་ཚེའི་རྫོང་ཆུང༌། གུར་ལྷ་བརྒྱད། ཁྲོ་བཅུ། ཏྲཀྴད། དམག་ཟོར་མ། ཞལ་བསྙེན་དུས། བེཀྩེ། དུར་བདག །པུ་ཏྲ། བྲན་བདུད། དཀར་བདུད། ལས་གཤིན་རིགས་གསུམ། དམར་པོ་སྐོར་གསུམ་རྣམ་སྲས། ཕྱག་རྡོར། ཁང་བརྩེགས། ཞང་བློན། ཚོགས་བདག་ཆགས་པ་རྡོ་རྗེ་སོགས་རྗེས་གནང་དང༌། དཔལ་འཁོར་ལོ་བདེ་མཆོག་ནག་པོ་པ། དྲིལ་བུ་ཕྱི་ནང༌། གསང་འདུས་འཕགས་ལུགས། ཡེ་ཤེས་ཞབས་ལུགས། འཆི་མེད་རྔ་སྒྲ། མི་འཁྲུག་ལྷ་དགུ། རིགས་