R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༦
[A:༤༧༦]མགོན་གཅུང་རིན་པོ་ཆེར་ལྷག་པར་དགེས་པའི་རྣམ་འགྱུར་ཡང་བསྟན་པར་གྲགས་ལ་དེ་སྐབས་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ནས་ཆོས་ཆར་བདུད་རྩིའི་ཟེགས་མས་འགྲོ་བློ་སྨིན་པར་མཛད་པའང་འདི་ལྟ་མཐོང་སྟེ། མདའ་དཔོན་པུ་ལུང་པ་སོགས་ལ་བླ་མ་ཞི་ཁྲོ། ཞི་བ་ལྷ། སྤེལ་བཞི་སྤོ་ར་བ་སོགས་ལ་ཀྱེ་རྡོར་རྒྱུ་དབང་ཚར་གཉིས། མགྲོན་གཉེར་བསྐལ་བཟང༌། ཝག་རི་བླ་མ་སོགས་ལ་མཁལ་སྤྱོད་མའི་བྱིན་རླབས། མདའ་དཔོན་འབུམ་ཐང་པ་སྐུ་ངོ་ལྔ་ར་ཚེ་རིང་མའི་རྗེས་གནང༌། གུང་པཎྜི་ཏ་སྐུ་འཁོར་ཚང་མར་སྣ་ཚོགས་ཡུམ་གྱི་རྗེས་གནང་དང་འཆི་མེད་འདོད་འཇོ། ཡང་དབུས་མདའ་དཔོན་སོགས་ལ་རྒྱུ་དབང་དང་རྩིས་དཔོན་ཕུན་ཚོགས་ལ་རྡོ་རྗེའི་སྲོག་ཤིང༌། ཀརྨ་དང་བུ་ལགས་ཀྱིས་ཐོགས་དྲངས་སྦྲ་ཞོལ་བ་ཕལ་ཆེར་ལ་གྲུབ་རྒྱལ་མ། གསང་ཕུ་དང་ཤེལ་གྲོང་གཉིས་སུ་ཁྲོམ་དབང༌། རྣམ་གསེར་དུ་བླ་མ་ཞི་ཁྲོ། བཀའ་བློན་ཐོན་པ་འཁོར་བཅས་ལ་སྒྲོལ་ལྗང་དང་ལྕགས་སྡོང་ལྷ་མང༌། དྲུང་ཡིག་བསྐལ་བཟང་བདེ་ཆེན་ཚ་བོ་བཅས་ཞོལ་ཁང་ཆོས་མཛད་གོང་དཀར་རི་རྩ་བ་སོགས་ལ་མཁའ་སྤྱོད་མའི་བྱིན་རླབས། ལྕང་ཅན་གུང་ལ་སྒྲ་མི་སྙན། གཤེར་དཔང་བོན་གྲོང་པར་རྟ་མགྲིན་དང་ཚེ་དབང་གྲུབ་རྒྱལ། ཤུ་ཨམ་པར་ཆོས་བཀའ་ཕྲན་བུ། བསྐལ་བཟང་བསམ་གྲུབ་དང་བྱ་གོ་ནས་ལ་ཚོགས་བདག །ཡང་དབུས་མདའ་དཔོན། སྤེལ་བཞི། སྤོ་ར་ཞ་ལུ་རབ་རྒྱས་བླ་མ། ཁལ་ཁ་ཐོན་དར་གྱི་མི་སྣ་བཅས་ལ་ལྷ་བརྒྱད་རྗེས་གནང༌། ཛ་སག་ལ་གོས་སྔོན་ཅན་རྗེས་གནང༌། ཁལ་ཁ་མ་གཏོགས་གོང་གསལ་ལ་ཞལ་དང་པུ་ཏྲའི་རྗེས་གནང༌། སྙེ་མོ་བ་ཞིག་ལ་ཕྱག་རྡོར་གཏུམ་པོ་དང་ཁྱུང་ནག་ལས་ཚོགས་ལུང་དང༌། ཡང་སྤེལ་བཞི་སྤོ་ར་བཅས་ལ་མངོན་རྟོགས་ལྗོན་ཤིང་གི་ལུང༌། གཞན་ཡང་སྤོ་ར་ལ་དབང་བཞི་ངོ་སྤྲོད་རྩ་འགྲེལ་དང་དགའ་སྟོན་སྤྲིངས་ཡིག་གི་ལུང༌། ལགས་འོ་སྟོད་པར་འཇམ་ནག་རྗེས་གནང་སོགས་ཀྱི་སྒོ་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་གོ་འཕང་ལ་རེག་པར་མཛད་ཅིང༌།