R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༧
[A:༤༧༧] གདན་ས་ནས་ཕེབས་གོང་དུ་འཇམ་མགོན་གཅུང་རིན་པོ་ཆེའི་གསུང་ལས། ད་ལམ་ངའམ་མཐུ་སྟོབས་གང་རུང་ཞིག་ཕུང་པོ་དབུས་སུ་བཞག་འགྲོ་གསུང་པའང་ལྐོག་གྱུར་རྗེན་གསལ་གྱི་ལུང་བསྟན་འཁྲུལ་མེད་དུ་བྱུང་བ་དང༌། གང་ལྟར་གནས་དེའི་མཛད་སྒོ་རྣམས་གྲུབ་སྟེ་རིམ་ཕེབས་ཀྱིས་གར་བ་དང་ཡེར་པར་བླ་མ་ཞི་ཁྲོ། འབྲོམ་སྟོད་དང་དཔལ་འབྱོར་ལྷུན་པོ། དགའ་གྲོང་དང་གླང་ཐང༌། བཅོ་བརྒྱད་བླ་བྲང་དུ་བདུན་ཕྲག་གཅིག་བཞུགས་གནང་གིས་ཞལ་ངོ་དྲུག་ལ་རྡོ་རྗེ་རབ་བརྟན་མའི་རྗེས་གནང༌། ཡང་ཞལ་ངོ་ཞབས་ཕྱི་དྲག་གྲས་དང་ན་ལེནྡྲའི་གྲྭ་འགའ་བཅས་ལ་མཁའ་སྤྱོད་མའི་བྱིན་རླབས་ཚར་གཉིས། ཡུམ་ལ་ཀུན་རིག་གསོན་བྱང་དབང་བཅས་དང་ཚེ་དབང་གྲུབ་རྒྱལ་མ་ཚེ་རྟ་ཟུང་འབྲེལ་རྣམས་དང༌། འཕན་ཡུལ་སྨྱུང་གནས་པ་རྣམས་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་དང་སྨྱུང་གནས་ལུང༌། གཞན་ཡང་ཁྲོམ་དབང་གནས་བཅུའི་རྗེས་གནང་རྣམས་དང༌། གཟིམ་འོག་ཏུ་མི་གཡོ་བ་དཀར་པོའི་རྗེས་གནང༌། དེ་ནས་བླང་ཐང་དུ་ཁྲོམ་དབང་དང་རྒྱལ་རྩེ་ཞོལ། ལྕགས་རི་ཁྲ་མོ་དང་སྟག་རྩེ། རྒྱ་མདའ་དང་སྒྲུབ་རྙིང་དུ་ཞག་གཉིས། ཆོས་སྡེར་ཡང་དེ་བཞིན་ཁྲི་ཁང་དུ་ཞག་གཅིག་སྟེ་སྒྲུབ་རྙིང་དུ་འབྱུང་འདུལ་དང་ཁྲོམ་དབང༌། ཆོས་སྡེར་འབྱུང་འདུལ་མེ་དབང་དང་ཁྲོམ་དབང༌། མཁན་པོ་སོགས་ལ་འཇམ་ནག་རྗེས་གནང༌། ཁྲི་ཁང་དུ་ཛ་སག་འཁོར་བཅས་ལ་བླ་མ་ཞི་ཁྲོ་དང་སྐུ་ངོར་སྒྲོལ་དཀར། དུམ་རི་ཆོས་སྡེར་ལྟུང་བཤགས། བྱམས་སྨོན། སྨོན་ལམ་བཅུ་པ། བྱམས་པས་དམ་བཅས་པའི་གཟུངས། མི་མཇེད་མ། སྒྲོལ་བསྟོད་ཉེར་གཅིག་རྣམས་ཀྱི་ལྗགས་ལུང་བཅས་སྩལ་ཞིང༌། དེ་ནས་ལ་མོ་དང་བཙང་ཐོག་དགེ་ལྡན་གནས་གཟིགས། ས་སྒང་དང་བདེ་ཆེན་དུ་སྒྲོལ་བསྟོད་གྱི་ལུང༌། སྦུས་མགོ་དང་སྐྱིད་གཤོངས། གཡའ་མ་ལུང་དང་བསམ་ཡས་སུ་བཞུགས་ཞག་ཉེར་གཉིས་མཛད་ཅིང༌། ཤིང་ཕག་ལོ་མཇུག་དེར་སྐུ་རྟེན་ཕྲིན་ལས་པར་ཆོས་སྐྱོང་