R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༥
[A:༤༧༥]འདུད་ཅིང་ཕུ་དུད་ཆེ་བ་སོགས་ཏེ། ཇི་སྐད་དུ། དམ་པ་རྒྱང་ན་གནས་ན་ཡང༌། །འཁོར་འདབ་ཕན་པས་རིང་ནས་སྐྱོང༌། །ཞེས་དང༌། རྒྱལ་པོ་རང་ཡུལ་ཆེ་བ་ཙམ། །དམ་པ་གང་དུ་ཕྱིན་སར་བཀུར། །ཞེས་རྟེན་འབྲེལ་གྱི་ཆོས་ཉིད་དུ་མཆིས་ལགས་པ་དང༌། ལྷག་པར་གྲུ་འཛིན་ཕོ་བྲང་ཆེན་པོ་ནས་ཀུན་གཟིགས་བདུན་པ་ཆེན་པོས་བདག་རྐྱེན་དབུ་འདོན་གྱི་མཛད་པས་སྤྱིར་བག་དྲོ་ཞིང༌། ཡང་སྒོས་དེ་སྔོན་གཞན་ནས་མཇལ་ཕྱག་ཞུས་པའི་ཉེན་བསླངས། སྐུ་ཁམས་ལ་གནོད་པ་འདྲ་ཡང་བྱུང་ཚོད་མཆིས་ཀྱང་རྗེ་རྡོ་རྗེ་འཆང་ཞལ་རྣམ་པ་གཉིས་ལ་ཕེབས་ཕྱག་གནང་བའི་ནུབ་མོ་མཚན་གཟིམ་འཇམ་པ་དང༌། ཞབས་བརྟན་ཕུལ་བ་ནས་སྐུ་ལ་ཡར་བསྐྱེད་བཞེས་པ་སོགས་གོང་ས་དེ་ཉིད་ཀྱི་རྣམ་ཐར་ལྕང་སྐྱ་རྡོ་རྗེ་འཆང་གི་གསུང་རྩོམ་དེ་ནའང་བསྔགས་བརྗོད་བཅས་འཁོད་པར་གནང་འདུག་པ་བཞིན་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི་དུས་དང་གནས་སྐབས་ཐམས་ཅད་དུ་གྲུབ་མཐའ་རིས་སུ་མ་ཕྱེད་པའི་མཁས་གྲུབ་ལ་གུས་ཤིང༌། དེ་དག་གི་གསུང་གི་བདུད་རྩི་བཞེས་པའི་དབུ་བླ་ཡང་གོང་གསལ་ལྟར་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་འདི་རྣམས་སྙིགས་དུས་བསྟན་འགྲོའི་མགོན་དུ་བསམས་བཞིན་ཕེབས་པ་ཡིན་དགོངས་པའི་ཐུགས་དད་རང་བྱུང་བཅོས་མིན་དུ་མཆིས་པའི་རྟེན་འབྲེལ་གྱི་གནད་དང༌། འཕགས་མཆོག་ཕྱག་ན་པདྨ་ཉིད་ཀྱི་ཐུགས་རྗེ་རྣམས་ལྷན་ཅིག་འཛོམ་པའི་ངོ་མཚར་བླ་ན་མེད་པ་ལས་བྱུང་བའོ། །དེ་ནས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པ་དང༌། ཡང་སྒོས་བོད་ཁ་བ་ཅན་པའི་བསོད་ནམས་ཀྱི་བགོ་སྐལ་དུ་རྙེད་པ་ཇོ་བོ་རིན་པོ་ཆེའི་སྐུ་དྲུང་དུ་རབ་གནས་ཆིག་སྒྲུབ་མཛད་པ་དེའི་ཚེ། གང་གི་གཅུང་རིན་པོ་ཆེས་གཟིམ་ཆུང་ཁམས་གསུམ་དུ་སྨེ་བརྩེགས་ཀྱི་སྐུ་ཁྲུས་དང༌། སྤོར་སྡེ་པར་ལམ་ཟབ་བླ་མའི་རྣལ་འབྱོར་དང་ཀྱེ་རྡོར་བསྙེན་ཐབས་ཀྱི་ལྗགས་ཕུ་ལུང༌། གོང་མ་བདག་པོ་ཆེན་པོའི་སྐུ་ཚབ་ཤུ་ཨམ་པས་མཇལ་ཞུས་ཐོག་འཇམ་