R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༩
[A:༤༧༩]བལྟམས་པའི་ཚུལ་གཉེར་དཔོན་བགྲེས་པོས་བསམ་ཡས་སུ་ཡི་གེའི་བརྡ་སྦྱར་རོ།། །། ༈ དགུང་གྲངས་ཉེར་བརྒྱད་དུ་ཕེབས་པ་མེ་བྱི་ཤར་འཕྲལ་བྲག་ཁ་རྫོང་མདུན་དང་རྩེ་ཐང་འབྲས་གླིང་དུ་བཞུགས་ཞག་གཉིས་དེར་ཁྲོམ་དབང་དང་བིརྺ་པ་གོང་མ་ལྔ་བསྟོད། ས་སྐྱའི་རྗེ་བཙུན། བདག་གི་དུས་གསུམ། རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱི་ཞབས་བརྟན་ལྗགས་ལུང་རྣམས་དང་ལྔ་མཆོད་པར་འཇམ་དཔལ་མཚན་བརྗོད་དང་གོང་ས་མཆོག་གི་ཞབས་བརྟན་གྱི་ལྗགས་ལུང་བཅས་སྩལ་ཞིང༌། དེ་སྐབས་རྩེ་ཐང་འབྲས་གླིང་ན་གྲྭ་པ་ཞིག་ལ་དྲེགས་བྱེད་ཡིན་ཁུལ་ཞིག་ཁོག་ཏུ་བརླམས་ཚུལ་ལ། རྗེ་ཉིད་ཀྱི་གསུང་ལས། དེ་སྐབས་ངེད་ཀྱིས་སྔར་མེད་ཀྱི་སྲོལ་གསལ་མི་དགོས་བྱས་པས་ཁོ་པ་ཚིག་ཟའི་ཞེ་ནག་གིས་ངེད་ཀྱི་ནུ་བོ་དེ་འདས་དུས་ཀྱང་གནོད་ཁྱོལ་ཚུལ་ངོ་སོ་བྱེད་པ་དང༌། གཞན་ཡང་འབྲས་གླིང་པར་མི་ཤིས་པ་གང་བྱུང་ཡང་ཁོ་པས་ཡིན་ཚུལ་དང༌། རྩེ་ཐང་ལུང་སྤྱིར་ཡང་ཆར་པ་བསྲུང་ཚུལ་སོགས་བྱས་ཤིང་ལུས་གཡར་ཁོ་རང་ནས་ཀྱང་གྲྭ་ཚང་དཀྲུག་ཤིང་ཁོ་ན་བྱེད་པ་སོགས། ཞིང་བཅུ་ཚང་པའི་ལས་ལ་མཐུ་རྩལ་ཡིན་པའི་ཁ་བོ་བཏོན་སྐད་འདུག་པས་དགྲ་བགེགས་ངོ་མཚར་ཅན་ཤཱཀྱའི་བསྟན་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་ཡིན་པ་ལ་ནི་ཐེ་ཚོམ་མི་འདུག །བཟང་ངན་གང་ཡིན་ནའང་ཡིན་དུ་ཆུག །རང་རང་གི་ཐོག་ཏུ་རྣམ་སྨིན་ཁུར་ནས་འགྲོ་དགོས་ཡིན་འདུག་གོ །ཞེས་ཐུགས་འུར་ཉམས་དང་བཅས་གསུངས། དེ་ནས་ཁྲ་འབྲུག་དང་སང་ཉིན་གཏམ་སྙན་བཞུགས་ཁྲིའི་མདུན་གནས་གསར་རྡོ་རྗེ་འཆང་ཉིད་སློབ་ཚོགས་དང་བཅས་ཆིབས་བསུའི་ཇ་གྲལ་ཐོག་དབུས་ལྷོ་བྱང་གི་གནས་ཚུལ་ལས་འཕྲོས་པའི་དོན་ཡོད་ཀྱི་དཔལ་མགུར་གྲོལ་བས་གནས་གསར་རྡོ་རྗེ་འཆང་ཉིད་ཐུགས་དགྱེས་པ་རབ་གྱི་རྩེར་སོན་ཅིང་བཀྲ་ཤིས་ཆོག་མང་སྐབས་མཛད་པའི་གར་འཆམས་སོགས་གཟིགས་ཕུལ། མགོན་