R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༨
[A:༤༧༨]ཞལ་མི་གཟིགས་པ་ཞིག་བྱུང་བ་ནི་འགྱངས་མིན་ནས་འཛམ་གླིང་བསྟན་འགྲོའི་མགོན་པོ་གོང་ས་རིན་པོ་ཆེ་དང་འཇམ་མགོན་མཐུ་སྟོབས་དབང་ཕྱུག་གང་ཉིད་སྐུ་ཞི་བའི་དབྱིངས་སུ་ཕེབས་པའི་ལྟས་དང༌། དེའི་དུས་སུ་སྐུ་ཕེབས་ཐོག་རྗེ་རྡོ་རྗེ་འཆང་ཉིད་ལ་ཆོས་སྐྱོང་གི་དབུ་བཙུགས་ནས་བཀའ་བསྒོ་དམ་བཞག་མཛད་དགོས་ཞུས་པ་བཞིན་གནང་བ་ནས་བཟུང་ཡང་ཡང་སྐུ་ཕེབས་པར་གྲགས་ལགས། གནས་དེར་ཆོས་སྒོ་དབྱེ་བར་མཛད་པ་ནི། དཔལ་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་དབང་ཆེན་ཚར་བཞི། ཕུར་དབང་ཚར་དྲུག །དྲག་པོ་སྒྲོལ་དབང༌། ཁྲོམ་དབང༌། ཀུན་རིག་དབང་ཚར་གཉིས། མཁའ་སྤྱོད་མའི་བྱིན་རླབས་གསུམ། རྟ་མགྲིན་ཇོ་ལུགས་དང་ལྷ་བརྒྱད་རྗེས་གནང༌། ཆོས་སྤྱོད་རགས་རིམ། གདུགས་དཀར་བཅས་ཀྱི་ལྗགས་ལུང་རྣམས་དང༌། འཇམ་མགོན་གཅུང་རིན་པོ་ཆེ་ནས་ཀྱང་ཀྱེ་རྡོར་རྒྱུ་དབང་ཚར་དྲུག །རྟ་མགྲིན་སྐྱེར་སྒང་རྗེས་གནང་བཅས་སྩོལ་བར་མཛད། དེ་དུས་དབུ་རྩེ་རིགས་གསུམ་གླིང་བཞི་གླིང་ཕྲན་གཙུག་ལག་ཁང་རྣམས་ལ། རབ་གནས་ཆོ་གའི་སྒོ་ནས་མེ་ཏོག་འཐོར་བར་མཛད་དུས་ཐལ་རླུང་ཆེར་གཡོ་བ་སོགས་འཚུབས་ཉམས་འགའ་ཞིག་བྱུང་བས་གཏེར་སྟོན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོར་གང་ཅིའི་བརྟག་ཞུ་མཛད་པས་མཇམ་མགོན་གཅུང་རིན་པོ་ཆེ་ཉིད་ཁོང་གི་ཆོས་བདག་ཏུ་གཏེར་ལུང་ལས། ནུབ་ནས་ས་སྐྱའི་གདུང་བརྒྱུད་བྱང་ཆུབ་སེམས། །ཞེས་ལུང་ཟིན་དེ་ཡིན་ཚུལ་དང་སྐུ་ཚེའི་ཚད་མ་ངེས་གསུངས་པའང་མངོན་གྱུར་དུ་གོ་ཞིང༌། རྗེ་རྡོ་རྗེ་འཆང་ཉིད་ལ། སོ་བདུན་ཞེ་ལྔ་འཕྲང་ལ་ཚེ་སྒྲུབ་དང༌། །ཚེ་དཔག་མེད་སྐུ་སྟོང་རྩ་བཞེངས་ཤིང་མཆོད། །འཕྲང་སྒྲོལ་དྲུག་ཅུ་རེ་དགུའི་སྐུ་ཚེའི་ཚད། །གསུང་བ་བྱུང་ཡང་སྐྱེ་འགྲོའི་བསོད་ནམས་ངན་པའི་སྣོད་དུ་སེང་དཀར་གྱི་འོ་མ་བཞིན་དེར་བས་སོ། །མགོ་ཟླའི་ཉེར་གཉིས་ལ་ས་སྐྱར་འཆི་མེད་བུ་ཁྲིད་དམ་ཆོས་མཚན་འཆི་མེད་བསྟན་པའི་ཉི་མ་འདི་ཉིད་སྐུ་