R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༤
[A:༤༨༤]ཆེའི་ཐུགས་དམ་རྟེན་ཐུབ་པའི་དབང་པོའི་དངུལ་སྐུ་མཐོང་བ་དོན་ལྡན་འདི་ཉིད་ཕྱག་ཏུ་སོན་ཚུལ་ནི། རྗེ་ཉིད་ཀྱི་གསུང་ལས། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རིན་པོ་ཆེའི་ཐུགས་དམ་རྟེན་དངུལ་སྐུ་ཁྱད་འཕགས་འདི་མེ་བྱི་ཟླ་བ་བཞི་པ་སྔོན་མའི་ཚེས་བདུན་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཉིན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རྟེན་བརྟེན་པར་བཅས་པ་སྤྱི་དང༌། ཁྱད་པར་ཐར་རྩེ་རྡོ་རྗེ་འཆང་ཆེན་པོའི་ནང་རྟེན་དངུལ་གདུང་རིན་པོ་ཆེ་ལ་ཀྱེ་རྡོ་རྗེའི་རབ་གནས་འབྲིང་པོ་ཕུལ་བའི་ཆོ་ག་གྲུབ་ནས་གླིང་ཁང་དུ་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གིས་ཁོ་བོ་མཆེད་འཁོར་བཅས་ལ་དགའ་སྟོན་རྒྱ་ཆེར་སྩལ་བའི་ཐོག་སྐུ་འདྲ་རིན་པོ་ཆེ་འདི་ལོ་རྒྱུས་དང་བཅས་གསོལ་རས་སུ་གནང་བ་དང༌། ཐར་རྩེར་སླེབས་སྐབས་དབོན་རིན་པོ་ཆེ་དཔོན་གཡོག་རྣམས་ནས་སྒྲོལ་དཀར་གྱི་བརྟན་བཞུགས་གནང་བ་སོགས་མདོར་ན་རབ་གནས་ལ་ཤིས་པའི་རྟེན་འབྲེལ་མཐའ་དག་མ་བསྒྲིགས་ལྷུན་གྲུབ་ཏུ་འགྲིག་པའི་རྟེན་ཁྱད་པར་ཅན་འདི་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་འཐས་སུ་ཁྱད་འཕགས་གཙུག་ལག་ཁང་གི་རྟེན་གྲས་ལ་བཞུགས་སུ་གསོལ་བ་འདི་བཞིན་ཇི་སྲིད་བསྟན་པ་རིན་པོ་ཆེ་ནམ་གནས་གྱི་བར་དེ་སྲིད་དུ་བཞུགས་པའི་ཕྲིན་ལས་མགོན་པོ་ཆེ་ཆུང་ལྕམ་དྲལ་འཁོར་དང་བཅས་པས་མཛོད། ཅེས་གསུངས་ཤིང༌། ཡང་དེ་ལོ་ཚེ་སྒྲུབ་སློབ་དཔོན་ཚ་བོ་བློ་བཟང་དོན་ལྡན་གྱིས་ཕུལ་བའི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཕྱག་ཆའི་གྲས་ལྗོན་དམར་ལས་གྲུབ་པའི་དགང་བླུགས་ཀྱང་གཙུག་ལག་ཁང་དེར་སྦྱོར་བར་མཛད་ལགས། དེ་ནས་བྱེ་སྤེ་དང་གངས་ཅན་གནས་གཟིགས། སྲེད་རྒོད་ཁྲོ་ཕུ་དགེ་སྡིངས་སུ་ཁྲོམ་དབང་དང་བླ་མ་ཞི་ཁྲོ། རྫི་ལུང་དང་སྔོན་མོ་རྫོང་མདུན་