R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༥
[A:༤༨༥]རྡོ་རྗེ་གདན་པར་ཤེས་སྙིང་ལུང༌། དེ་ནས་བྱ་གཤོངས་སུ་ཤེས་ཕྱིན་དཀར་མོའི་རྗེས་གནང་དང་བསམ་མྱུར་མའི་ལུང༌། ཨེ་བར་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་རྣམས་མཛད་པ་མཚོན་དོན་ཙམ་དུ་བཀོད་པའི་སྒོ་ནས་སྤྱི་དང་བྱེ་བྲག་གི་གདུལ་བྱ་རྣམས་རྣམ་གྲོལ་ཐར་པའི་ཁང་བཟང་དུ་འདྲེན་པར་མཛད་ཅིང༌། གཞན་མ་རྗེ་དེའི་མཛད་པ་ནི་ནམ་མཁའི་མཐའ་དང་མཉམ་ན་དེ་དུས་ཀྱི་མཛད་པ་ཇི་སྙེད་པ་བརྗོད་པ་ཡང་དེ་དང་འདྲ་བ་སྟེ་འདི་ཡང་གནད་དོན་དུ་ཤེས་དགོས་ཤིང༌། དེ་ནས་སླེའུ་དང་ར་མ་སེ་ལུང༌། བཀྲ་ཤིས་དར་རྒྱས་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་བཀྲ་ཤིས་དང་དགེ་ལེགས་ཀྱི་དགའ་སྟོན་གཏང་རག་སོགས་ཀྱིས་དུས་འདའ་བའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། འཛམ་གླིང་བསྟན་འགྲོའི་སྐྱེད་ཚལ་སྦུབས་ཡངས་སུ། །ངལ་འཚོའི་མཚོ་སྐྱེས་འཇམ་མགོན་གཞོན་ནུའི་དུས། །ལུགས་ཟུང་བླང་དོར་སྣང་བའི་བཤེས་གཉེན་དེ། །ཀྱེ་མ་ཀུན་གསལ་དག་པའི་དབྱིངས་སུ་འཛེགས། །འོན་ཏང་གསུང་ཟེར་ཟེགས་མས་བསྐྱངས་པ་དང༌། །གང་གི་ཐུགས་བསྐྱེད་འཛོམ་པའི་རྟེན་འབྱུང་གནད། །ཕན་བདེའི་སྦྲང་རྩི་འཇོ་བའི་དཔྱིད་དཔལ་དུ། །ལྷུན་གྲུབ་ཕྲིན་ལས་རྒྱས་དང་ལྷན་ཅིག་བརྟན། །དབུས་གཙང་ར་ཡིག་གཉིས་པའི་ཁྱུ་ཚོགས་ཀུན། །འདོད་འབྲས་སྦྱིན་པའི་བཅུད་ཀྱིས་ཉེར་མྱོས་ཏེ། །དགའ་བའི་རྣམ་འགྱུར་འབུམ་གཡོས་དར་དིར་གྱི། །བསྟོད་དབྱངས་འཁོར་མོར་སྒྲོགས་པའང་དངོས་པོའི་གཤིས། །ཞེས་ཀྱང་སྨྲས་སོ།། ༈ ས་ག་ཟླ་ནང་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་རླབས་པོ་ཆེས་ཇི་སྲིད་བསྐལ་པའི་བར་དུ་ཞལ་གྱི་དམ་ཚིག་བསྐང་གསོ་གསར་འཛུགས་མཛད་དེ་དེའི་ཚོགས་དབུར་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཞལ་རྒྱས་སུ་ཕེབས་ཤིང༌། ཚུགས་གོང་གཙོ་གཏོར་མདུན་རྒྱབ་བྱེ་ནས་གཞིག་ཅིང་གཏོར་དར་མཆོད་མེའི་ཁར་ལྷུངས་