R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༦
[A:༤༨༦]གྲབས་ཀྱིས་མེ་ཉེན་ཡང་ཆེ་ཙམ་བྱུང་བ་སོགས་ནི། ལོ་དེའི་སྟོན་བདག་མོས་དབུས་ལ་ཕེབས་པ་དང་ཕྱི་ལོ་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་ཞལ་མི་བཞུགས་པའི་སྔ་ལྟས་སུ་ངོས་འཛིན་མཛད། སྣྲོན་ཟླའི་མཇུག་ནས་ཆུ་སྟོད་ཟླ་མཇུག་བར་རྗེ་ཉིད་ཚེ་དཔག་མེད་ལྷ་དགུའི་ལྗགས་བསྙེན་སྦྱིན་སྲེག་བཅས་བཀའ་དྲིན་ཆེ་སྐབས། འཇམ་མགོན་གཅུང་དམ་པ་ཉིད་ཚོགས་དབུར་ཕེབས་མུ་ཡིན་པ་བཞིན་བདེ་མཆོག་སྒྲུབ་མཆོད་དུས་དེ་གྲས་ཀྱི་གྲྭ་གཞོན་ཞིག་ཕྱོགས་ལ་འཁྱར། ཀྱེ་རྡོར་སྒྲུབ་མཆོད་དང་བསྟུན་རྒྱུ་དབང་གནང་དུས་ཀྱང་དབང་ཡོལ་ཤོར་རྐྱེན་གྱིས་དཀྱིལ་འཁོར་ཕྱེད་ཙམ་ལ་སྐྱོན་པ་སོགས་མི་དགེ་བའི་མཚན་མའང་བྱུང་བ་དང༌། ཆུ་སྟོད་ཚེས་བཞིའི་དགེ་ཚར་ཕེབས་གོང་རྗེ་རྡོ་རྗེ་འཆང་ཉིད་ལྗགས་ཐུན་ལ་བཞུགས་མུར་ཞབས་བརྟན་འབུལ་གནང་དང་ཆབས་གཅིག་ཕྱག་འཚལ་ཐུགས་སྨོན་སོགས་མང་པོ་ཞིག་མཛད་མཐར་ཁོང་རང་གི་རྒྱུན་གྱི་ཞལ་འདོན་ཕྱག་ཕྲེང་དེ་རྗེ་ཉིད་ལ་ཕུལ་ནས་ཕེབས་སོང་བས་རྗེ་ཉིད་ཀྱི་ཐུགས་ལ་དེ་དུས་ཀ་ཕྱི་ལོ་ཟླ་ཚེས་དེ་ལ་ཞིང་བརྗེ་བའི་བརྡར་གཟིགས། དེ་ཙམ་ན་གོང་དཀར་རྡོ་རྗེ་འཆང་ཆོས་དབང་རྒྱ་མཚོ་གདན་སར་ཕེབས་ནས་བཀའ་ཆོས་གནང་བའི་འགོ་ཚུགས་དང༌། གྲོ་བཞིན་ཙམ་ནས་བཟུང་བདག་མོས་དབུས་ལ་ཕེབས་རྩིས་མཛད་མུ་དང༌། ཕུར་སྒྲུབ་ཐོག་ཕུར་དབང་ཚར་འགའ་ཞིག་སྩལ་རྗེས་ཁྲུམས་ཟླ་ནས་ཀླུ་སྡིངས་ཞབས་དྲུང་མི་འགྱུར་རྒྱལ་མཚན། རྗེ་དྲུང་ངག་དབང༌། ཡོན་ཏན་རྒྱ་མཚོ་སོགས་ལ་སྨན་བླ། ཀླུ་དབང་རྒྱ་གཞུང་ཀླུ་སྒྲུབ་ཀྱིས་མཛད་སྐོར། རིག་རལ་གྱི་སྒྲུབ་ཐབས། རོང་སྟོན་གྱི་བསྟོད་ལུང་བཅས་དང༌། བཀའ་གདམས་ལྷ་བཞི། གང་བློ་མའི་རིག་གཏད། འཇམ་དཀར། དམར་སེར། འོད་ཟེར་ཅན། གཟའ་ཡུམ། རྣམ་རྒྱལ། གཙུག་འབར། མི་གཡོ་དཀར་སྔོན། བཅུ་གཅིག་ཞལ།