R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༨
[A:༤༨༨] ཆོས་ཉིད་དངོས་སྟོན་རྣམས་ཀྱི་བྱིན་རླབས་དང་བེའུ་བུམ་ལུང་རྣམས་ཀྱིས་སྐལ་ལྡན་དེ་དག་སྨིན་ཅིང་གྲོལ་བར་འཛད། དེའི་ཚེ་གོང་དཀར་རྗེར་དཔལ་རྩེ་སོགས་ཡོག་དཀྱིལ་ཆེན་མོ་རྣམས་གསན་བཞེས་མཛད་རྗེས་ཁྲུམས་ཟླའི་ཉེར་གསུམ་ནས་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་ཀྱེ་རྡོ་རྗེའི་གཞི་བསྙེན་ལ་འཇུག་པར་མཛད་ཅིང༌། དབྱུག་ཟླའི་ཚེས་འགོར་བདག་མོས་དབུས་ལ་ཕེབས་པ་དང་སྟབས་མཚུངས་སུ་འཇམ་མགོན་གཅུང་རིན་པོ་ཆེ་ཉིད་ཐོག་མར་སྐུ་རླུང་འདྲ་བས་རིམ་གྱིས་སྙུན་ལྕི་ཙམ་བཞེས་ཚུལ་དང༌། དེ་དུས་མཛོད་འཛིན་པའང་དབུས་སུ་ཕེབས། རྗེ་ཉིད་ཀྱིས་དམ་པ་རྣམས་ཀྱི་ངོ་མཚར་རྣམ་ཐར་ལ་གཙོ་བོར་གྱུར་པ་ཆོས་འཆད་སོགས་འཆར་འཕར་གྱི་བསྟེན་མཁས་བགྱི་བ་རྣམས་དང་གང་ཅིའི་རིམ་གྲོའི་ཞལ་བཀོད་བཅས་ཚར་ཕྱིན་མཛད། སྨིན་ཟླའི་ནང་ཨ་ཎི་དྲུང་དང་གང་གི་ཡུམ་མཆོག་དམ་པ་དེ་ཉིད་ཀྱི་ནང་རྟེན་དངུལ་གདུང་རིན་པོ་ཆེ་གསར་བསྐྲུན་མཛད་རྒྱུའི་ནང་གཟུངས་གདུང་ཚ་རྣམས་ལ་ཕྱག་ནས་དང་མགོ་ཟླའི་ནང་ཁང་གསར་དབོན་ཆོས་སྐྱོང་བཟང་པོ། །ཨོར་དུ་སུ་བློ་བཟང་ཚོགས་གཉིས། ཚེ་རིང་པི་སི་སོགས་ལ་ཀྱེ་རྡོར་རྒྱུ་དབང་དང་དམར་པོ་སྐོར་གསུམ་གྱི་རྗེས་གནང་སོགས་འདོད་ཆོས་ཀྱི་བདུད་རྩིས་བློ་གྲོས་ཀྱི་བུམ་པ་འགེངས་པར་མཛད་རྗེས་དུས་མདོས་ཕྲིན་འཆོལ་གྱི་ནང་སོ་གྲུབ་ནས་རྟ་མགྲིན་ཡང་གསང་གི་སྒྲུབ་པ་མཛད་པའི་སྐབས་ས་སྐྱ་ཚོགས་ཀྱི་དར་ཆེན་ལ་རླུང་གནོན་སྒྲོག་ཐག་འདོགས་མི་ཐང་དུ་ལྷུང་ནས་ཚེའི་དུས་བྱས་པར་ཚང་མ་ཡ་ང་ཞིང་རྣམ་རྟོག་ཟ་བ་ཞིག་བྱུང་བ་དེ་བཞིན་རྗེས་སུ་དགོངས་ཚེ། མེ་གླང་ལོའི་དཔྱིད་རྒྱལ་དབང་རིན་པོ་ཆེ་དང་དབྱར་འཇམ་མགོན་གཅུང་དམ་པ་ཉིད་ཞིང་བརྗེ་བའི་ལྟས་སུ་ངོས་འཛིན་མཛད་པ་བཞིན་དོན་ལའང་དེ་ལྟར་དུ་འཁུམས་སོ། །དེ་དག་གི་དོན་བསྡུ་ན། ཇི་