R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༩
[A:༤༨༩]སྲིད་བསྐལ་མང་སྙེད་ཀྱི་རྫིང་བུ་རུ། །ནར་མར་འབབས་པ་དམ་ཚིག་གསོ་བའི་རྒྱུན། །ཚུགས་པའི་སྒྲུན་ཟླར་མི་ཤིགས་རྡོ་རྗེའི་སྲོག །མཱ་ས་རི་བོང་ཅན་གྱི་ངང་དུ་གྲུབ། །དེ་ཚེ་རྗེས་སྐྱེས་དམ་པས་ལྐོག་གྱུར་དང༌། །འགྲོགས་ནས་ཕྱིས་འབྱུང་ལྟས་ཀྱི་མེལ་ཚེ་གཡོས། །རྣལ་འབྱོར་དཀྱིལ་འཁོར་གཙོ་བོའི་ཧེ་རུ་ཀར། །བཞེངས་ཏེ་སྐྱེད་བྱེད་དྲིན་གཟོའི་ཆོ་ག་བསྒྲུབས། །བསྙོན་བྲལ་དམ་པའི་ལས་སུ་ཆེ་བ་ནི། །འཆད་རྩོད་རྩོམ་སོགས་གསུངས་ཕྱིར་དྲིན་ཅན་རྗེས། །ཁོར་ཡུག་ཀུན་ཏུ་བསྟན་པའི་བྱི་དོར་ལ། །དལ་མེད་གཞོལ་འདིར་མི་དང་བློ་ལྡན་སུ། །ཞེས་ཀྱང་སྨྲས་སོ།། ༈ དགུང་གྲངས་ཉེར་དགུར་ཕེབས་པ་མེ་གླང་རྒྱལ་ཟླའི་ནང་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱི་རྒྱུན་ཚ་རྣམས་ལ་ཞལ་དཀར་ངག་དབང་ལགས་ནས་དབུ་རྩེར་རབ་གནས་བརྒྱ་ཚར་མཛད་སྐབས་ཉིན་གཅིག་འཇམ་དབྱངས་གཟི་འོད་འབར་བའི་སྤྱན་གཉིས་ནས་ཆབ་ཟེགས་པ་ཞིག་བྱུང་ཞིང༌། རྟ་ཟླའི་ནང་ངོར་པས་འཇིགས་བྱེད་དྲུག་ཅུ་པ་དང༌། གོང་དཀར་དཔོན་སློབ་རིན་པོ་ཆེ་ནས་ཀྱང་གཏོར་བཟློག་མང་དུ་གནང་མུའི། དབོ་ཟླའི་ཚེས་བཞིར་གོང་ས་རྒྱལ་དབང་རིན་པོ་ཆེ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་དགོངས་རྫོགས་འབུལ་བར་མཛོད་འཛིན་ལྷ་སར་ཕེབས་ཤིང་རྗེ་ཉིད་ནས་དགོངས་རྫོགས་སུ་བདེ་ཀྱེ་གསང་གསུམ་སོགས་ཀྱི་སྒྲུབ་མཆོད་གནང༌། དེའི་ཚེ་ཀླུ་སྡིངས་ཞབས་དྲུང་རིན་པོ་ཆེ་ཞབས་འབམ་གྱི་སྙུན་ལྕི་མོས་ངོར་དུ་ཁྱོགས་ལ་གདན་འདྲེན་མཛད་རྗེས་གཟའ་སྐར་ལེགས་མཛོམ་ནས། མུས་ཆེན་སེམས་དཔའ་ཆེན་པོའི་ཐུགས་དམ་མ་རས་བྲིས་ཚེ་དཀྱིལ་ཞལ་ཕྱེ་ནས་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་བརྒྱ་ཚར་གྱི་དབུ་ཚུགས་མཛད། དེ་དུས་ཟླ་སྐེད་ཙམ་ལ་གང་ནས་འོང་མེད་པའི་བུད་མེད་སྤྲུལ་གཟུགས་འདྲ་བ་ལུང་པ་དུ་མའི་མི་ནོར་ངོ་ཤེས་པ་ཞིག་བྱུང་