R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༩༠
[A:༤༩༠]བ་ནི་དུས་རྟགས་ལྟ་བུ་ཡིན་འདྲ་གསུངས། མཛོད་འཛིན་གདན་སར་འབྱོར་ཉེར་འཇམ་མགོན་གཅུང་དམ་པ་ཉིད་ལ་ཆབ་བསགས་ཀྱི་འགོ་ཟུག་དང་བྱེ་ཚོགས་སྐུ་རྟེན་པའང་འབྱོར། དེ་སྔོན་ནས་བླ་མ་དམ་པ་དུ་མ་དང་ཆོས་སྐྱོང་འགའ་ཞིག་གི་ལུང༌། གཞན་ཡང་མོ་རྩིས་སོགས་ལ་བབས་པའི་ཚེ་དབང་རྗེས་གནང་སོགས་ཚང་མ་རྗེ་རྡོ་རྗེ་འཆང་ཉིད་ནས་མཛད་པ་དང་མཉམ་དུ་ཚེ་ཆོག །གཏོར་མ། བཀའ་བསྟན་གསུང་སྒྲོགས། མདོས། གཏོར་བཟློག །བསྐང་བ། སྦྱིན་སྲེག །སཱཙྪ་སོགས་སྐུ་རིམ་སྒྲུབ་འོས་ཀུན་ཆོས་སྡེ་ཉི་ཟླ་ཟུང༌། ངོར། ཆོས་ལྷུན། ཞ་ལུ་སོགས་སུ་མཛད་ཅིང༌། གཞན་ཡང་རྩིས་བོན་ནས་བྱུང་བའི་གཏོ་བཅོས་སོགས་གང་འཚམས་མཛད་སྐབས་ཤིག་རྗེ་ཉིད་ལྷ་ཁང་རྩེར་ཕེབས་ཏེ་བྱེ་ཚོགས་སྐུ་རྟེན་པར་སྐུ་གསོལ་ཐོག་ལུང་ཞུ་ནན་ཏན་མཛད་པས་རྦོད་གཏོང་གི་ཆོ་འཕྲུལ་ཡིན་ཚུལ་གྱིས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གི་གསུང་བཞིན་བགྱིས་པས་འཐུས་ཞེས་སྩལ་ཞིང༌། ཕད་བུར་ལྕགས་གླང་སོགས་བཅུག་པ་ཞིག་ཞགས་པས་བཅིངས་ཏེ་བྲག་ཆུང་གི་རིར་གནོན་ལ་དེའི་ཁར་མཆོད་རྟེན་བྱིན་ཅན་གཞག །ཅེས་དང༌། ཡང་ནམ་མཁར་ཡུལ་གྱིས་གཟིགས་ཏེ། ལམ་གྱི་གཞི་མདོར་ལྷ་བབས་མཆོད་རྟེན་བཞེངས། གཟིམ་ཆུང་གཙོ་བོའི་ཤར་ལྷོར་རྒྱལ་མཚན་དཀར་པོ་འོད་ལྡན་ཚུགས་གསུངས་པ་ལས་སྐུ་སྲོག་ལ་སྐྱོན་འབྱུང་མིན་ངེས་སྦྱར་ཞུ་བར་མཛད་ཀྱང་ལན་མེད་དུ་ཡལ། དེ་སྐབས་གཟིམ་ཆུང་ཤར་ན་རྗེ་རྡོ་རྗེ་འཛིན་ཉིད་བཞུགས་པ་བཞིན་གཙོ་བོ་ཡིན་པས་དེའི་ཤར་ལྷོར་རྒྱལ་མཚན་དཀར་པོ་འཛུགས་དགོས་དེ་བཞིན་རིང་མིན་ནས་སྔགས་འཆང་གོས་དཀར་ལྕང་ལོས་མཛེས་པའི་སྐུར་བཞེངས་དགོས་ཀྱི་བརྡ་དང༌། མཆོད་རྟེན་ནི་གཡུལ་ཐང་གཤམ་གྱི་འདི་ཉིད། ལྷ་བབས་ནི་གདུང་བརྒྱུད་རིན་པོ་ཆེ་