R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༩༡
[A:༤༩༡]ཚར་དུ་དངར་བ་ཕེབས་པར་བརྟགས་པས་ཆོས་སྐྱོང་གི་བཀའ་ལུང་ཡང་གསལ་པོར་སྩལ། ས་གའི་ཚེས་འགོར་འཇམ་མགོན་གཅུང་དམ་པའི་སྐུ་མཚམས་གྲོལ་ཀྱང་སྦྱིན་སྲེག་ནི་གནང་མ་ཐུབ། དེའི་ཚེས་བཅུ་དྲུག་ཉིན་གཡའ་ལུང་འཇག་གཤོངས་ཀྱི་འཁོན་སྐུ་འབུམ་ལ་ཉམས་གསོ་གསར་བསྐྲུན་ནང་གཟུངས་བཅས་ལེགས་པར་མཛད། དེ་དུས་ལན་གཅིག་རྗེ་རྡོ་རྗེ་འཛིན་གྱི་འོད་གསལ་དུ་སྒོ་རུམ་བསེ་མགོན་ཆེནཔོ་ཡིན་དགོངས་པའི་མགོན་པོའི་ཞལ་འབག་སྔོ་ཐལ་ཆར་ལྷགས་ཀྱིས་གདུངས་པ་འདྲ་བ་ཞིག་ལྟག་སྒོ་རྡོ་སྐས་འགོར་གཞན་ལ་འགྲོ་ཚུལ་གྱིས་བྱུང་བས་ཐུགས་ཁྲལ་འཁྲུངས་པ་ཞིག་དང༌། ཡང༌། བསེ་མགོན་བཞུགས་ཁྱིམ་ན་མལ་ལོའི་ཐུགས་དམ་མ་ཡིན་ཟེར་བའི་རུས་ཀྲོང་གཟི་བརྗིད་ཅན་ཞིག་མཆིས་པར་བསེ་མགོན་གྱི་ཚབ་ཡིན་འདྲ་དགོངས་པ་ཞིག་དང༌། ལན་ཅིག་སྐུ་མཆེད་ཕྱག་སྦྲེལ་གྱིས་ཕེབས་བཞིན་པའི་མུར་སྐུ་སྐྱེ་དེའི་རྣམ་པ་མེད་པར་བྱིས་པ་ལོ་ལྔའི་ཚོད་ཙམ་ཞིག་མཆིས་པའི་མཐར། རྒྱ་དཀར་ནག་གནྡྷོ་ལའི་སྟེང་ཁྲི་ཞིག་ལ་འཇོག་གནང་ཐོག་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་སྐུར་འགྱུར་བ་དང༌། ལན་ཅིག་ཆོས་དུང་རིན་པོ་ཆེ་འཇམ་མགོན་གཅུང་དམ་པ་ནས་བཟུང་གནང་གི་མོད་དུ་འཇིམ་རློན་བཞིན་ཞིག་པ་དང༌། སྐབས་ཤིག་མོན་པ་ཞིག་ནས་གཞི་ཐོག་ལ་བསྡིགས་ཏེ་མདའ་འཕེན་པ་དང༌། བན་དེ་ཞིག་གིས་རྗེ་ཉིད་མ་གཏོགས་སྐུ་འཁོར་ཚད་མར་བསྣུན་ཅིང་བསྡིགས་པ་སོགས་ལྟས་ངན་པ་བསྟུད་མར་འཁྲུངས་པས་བཟློག་ཐབས་ཀྱང་དེ་དང་དེའི་གཉེན་པོར་ཅི་དགོས་ཡེ་ཤེས་ཀྱི་གཟིགས་པས་འདོམས་པར་མཛད་ཅིང༌། གཅུང་དམ་པ་ཉིད་ལའང་སྔོན་དུ་ལྗགས་བསྙེན་སྐབས་རྗེ་འབངས་ཉེར་ལྔའི་གྲས་དྲན་པ་ནམ་མཁའི་སྐུ་སྐྱེ་ཡིན་དགོངས་པའི་མོད་གཏེར་ཞིག་འདོན་པར་མཛད་པས། གྲོ་ག་དང་དར་དམར་ལ་གཏེར་