R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༩༢
[A:༤༩༢]ཆོས་དྷཱ་ཀི་དྷཱ་ཀི་ཟེར་བའི་གླེགས་བམ་ཞིག་རྙེད་པ་དང༌། ཡང་ཉིད་ཀྱི་ཁོང་ནང་ན་བྱིས་པ་མཆེ་བ་སྐྱ་ཟིང་ངེ་བ་ཞིག་སྐྱེ་ལ་ཁད་ཡོད་དགོངས་པ་དང༌། ཡང་ལྗགས་ཐུན་སྐབས་དངོས་སུ་རང་སེམས་ཀྱེ་རྡོར་ཡབ་ཡུམ་གྱི་རྣམ་པ་མཐོ་གང་ཙམ་ཞིག་རླངས་པ་བུན་ནེ་འཐོན་ཉམས་འཁྲུངས་པས་ཐུགས་སྐྱོ་ལྷང་ངེ་བ་དང༌། ད་ངེད་གཅོང་ཅན་འདིའི་གདུང་གི་གོ་ས་མི་ཡོང་བས་གང་ཅིའི་མཚམས་ལ་བླ་མ་རིན་པོ་ཆེ་རང་ཐུགས་བསམ་ཆེར་བསྐྱེད་མཛད་དགོས་གསུང་པ་དང༌། སྐབས་འགར་རིམ་གྲོ་གསོལ་སྨན་སོགས་ཀྱིས་དགའ་མོ་ཡོང་འགྲོ་ཞེས་ཐུགས་གསོའི་ཚུལ་མཛད་ལན་དུ། བདག་ལ་ཟླ་བ་བརྒྱད་པར་དྲི་མེད་རྣམ་གཉིས་དང་མི་འཁྲུགས་པའི་གསུང་ཆོག་རྣམས་གནང་རོགས་མཛོད་གསུང་པ་སོགས་སྐུ་མཆེད་ཐུགས་ཡིད་གཅིག་འདྲེས་ཀྱི་མཛད་པས་དུས་འདའ་བའི་མུར་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་སྤྱན་འདྲེན་གྱིས་རྗེས་གནང༌། འཆི་བསླུ། ཕྲིན་འཆོལ། ཞལ་བཀོད་སོགས་ཚང་མ་རྟག་འགྲུས་སུ་མཛད་ཅིང༌། རྗེ་དེར་བརྟག་པར་བསྐྱར་ཞུས་མཛད་པས་འཇམ་མགོན་གཅུང་དམ་པར་རིམ་གྲོ་ཕྲན་བུ་དང༌། འུ་བུ་འདི་པས་སྐུ་ཞབས་གཅེན་གྱི་ཞབས་བརྟན་ལ་བརྩོན་དགོས་འདུག །ཅེས་ཞུས་པར་མི་གནང་བར་རྗེ་ཉིད་ཀྱི་སྐུ་གེགས་སེལ་ཐབས་སྩལ་བས་གཞན་དག་ན་རེ། ཅི་གསུང༌། ཞུས་པར་མི་གནང་མ་ཞུས་པར་སྩོལ་བ་འདི་འདྲ་ཡ་མཚན་ཞེས་སྒྲོགས་པའང་བྱུང་མོད། འཇམ་མགོན་དེ་ཉིད་ཀྱིས་མངོན་མཁྱེན་གསལ་པོར་སྩལ་བ་ཡིན་གྲང༌། སྐབས་ཤིག་རྗེ་རྡོ་རྗེ་འཆང་ཉིད་ནས་ཕྱག་རྡོར་ཨུ་ཙརྱའི་རྗེས་གནང་མཛད་དུས་འཇམ་མགོན་གཅུང་རིན་པོ་ཆེའི་སྐུ་ཤའི་པགས་ཧྲག་ལ་ཚ་འཁྱུག་འཁྱུག་འཁྲུངས་པ་དང༌། མཁའ་འགྲོ་བསུན་བཟློག་མཛད་སྐབས་བསུ་བ་རྣམས་ཕྱིར་སློག་པའི་མཚན་མ་མུས་ཆེན་ལ་འཁྲུངས་པས་